སྲིད་བློན་མུ་དྷི་དམིགས་འབེན་གཙོ་བོ་ཆགས་ཀྱི་འདུག

ལོ་རྗེས་མའི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་བློན་མུ་དྷི་མཆོག་གི་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་རྒྱ་གར་གཞུང་གིས་དམིགས་བསལ་སྲུང་སྐྱོབ་ཚན་པ་ཆེད་འཛུགས་ཀྱིས་ཁོང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལོར་རྒྱ་གར་གཞུང་གིས་སྲིད་བློན་མུ་དྷི་མཆོག་གི་བདེ་འཇགས་སྲུང་སྐྱོབ་སྔར་ལས་ཇེ་དམ་དང་དམིགས་བསལ་སྐུ་སྲུང་མི་སྣ་ཆེད་འཛུགས་ཀྱིས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་། རྒྱ་གར་ནང་སྲིད་བློན་ཆེན་རཱ་ཇི་ནཱ་ཐི་སིན(Rajnath Singh) གྱིས། སྲིད་བློན་མུ་དྷི་མཆོག་གི་བདེ་འཇགས་ཐད་ཀྱི་ཉེན་ཁ་ནམ་རྒྱུན་ལས་ཆེ་བ་ཡོད་པ་དང་། ལྷག་པར་དུ་ལོ་རྗེས་མའི་འོས་བསྡུའི་སྐད་འབོད་ཁྲོད་སྲིད་བློན་མཆོག་མི་མང་ཁྲོད་ཞུགས་མཁན་གཙོ་བོ་ཆགས་ཀྱི་ཡོད་དུས་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ཁོང་གི་ཉེ་སར་མི་གང་བྱུང་གཅིག་ཀྱང་གཏོང་རྒྱུ་མིན་ལ། ཐ་ན་བློན་ཆེན་རྣམས་ལའང་དམིགས་བསལ་སྲུང་སྐྱོབ་ཚན་པས་བརྟག་དཔྱད་གཙང་གསལ་མ་བྱུང་བར་གཏོང་གི་མིན་སྐོར་བརྗོད་འདུག

དེ་བཞིན་སྲིད་བློན་མུ་དྷི་མཆོག་གི་དམིགས་བསལ་སྐུ་སྲུང་ཚན་པའི་ལས་ཁུངས་ནས་ཀྱང་སྲིད་བློན་མཆོག་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་སྟབས། འོས་བསྡུའི་དྲིལ་བསྒྲགས་སྐབས་ནམ་རྒྱུན་ལྟར་གཏམ་བཤད་སྤེལ་བ་ལས་ལམ་ཁ་ནས་མི་མང་ཁྲོད་མཉམ་ཞུགས་དང་མི་མང་གི་ཐག་ཉེར་བཅར་བཅུག་རྒྱུ་མིན་པ་དང་། ལོ་རྗེས་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་ས་གནས་ཁག་ཏུ་མི་མང་འབོར་ཆེན་འཛོམས་ཀྱི་ཡོད་དུས། སྲིད་བློན་མཆོག་ཁྲོམ་གཞུང་དུ་ཐོན་ཏེ་མང་ཚོགས་ནང་ཕེབས་པ་ཡིན་ན་མི་མང་ལ་སྟངས་འཛིན་བྱེད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པས་ལས་དོན་དེ་དག་མཚམས་འཇོག་བྱ་རྒྱུ་ཡིོན་སྐོར་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༦ ཚེས་༧ ཡས་མས་ཤིག་ལ་རྒྱ་གར་ལྷོ་ཕྱོགས་པོ་ནེ་(Pune)ཉེན་རྟོག་པས་གསང་བའི་འཕྲིན་ཡིག་ཅིག་དང་འབྲེལ་མི་ ༥ འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་པས་མི་དེ་དག་རྒྱ་གར་དམར་ཤོག་ཚོགས་པ་དང་འབྲེལ་བ་ཡོད་པ་དང་། ཁོ་ཚོའི་འཕྲིན་ཡིག་ནང་སྲིད་བློན་མུ་དྷི་མཆོག་དེ་སྔོན་གྱི་སྲིད་བློན་ར་ཇིབ་གྷན་དྷི་(Rajiv Gandhi) ལྟར་ལྐོག་གསོད་གཏོང་རྒྱུ་ཡིན་སྐོར་འཁོད་ཡོད་པའི་གནས་ཚུལ་དབུས་གཞུང་གི་ཁྲིམས་ཁང་ལ་བརྡ་ལན་སྤྲད་ཡོད་འདུག

སྲིད་བློན་མུ་དྷི་མཆོག་གི་དམིགས་བསལ་སྲུང་སྐྱོབ་ཚན་པས་སྲུང་སྐྱོབ་བྱེད་སྟངས་ཀྱི་རྣམ་པ་མང་པོ་ཞིག་ལ་བསྒྱུར་བཅོས་བཏང་སྟེ། གསར་དུ་སྲུང་སྐྱོབ་ཀྱི་གོ་རིམ་མང་པོ་ཞིག་བསྐྱར་སྒྲིག་བྱས་ཡོད་པ་དང་། རྒྱ་གར་ནང་སྲིད་བློན་ཆེན་གྱིས་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཚན་པར་དམིགས་བསལ་ཚོགས་འདུ་ཚོགས་ཏེ། སྲིད་བློན་མུ་དྷི་མཆོག་གི་བདེ་འཇགས་ཐད་ཕྱོགས་ཡོངས་ནས་ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ་ཡིད་གཟབ་ཤུགས་ཆེན་བྱེད་དགོས་པ་དང་། རྒྱ་གར་ནང་སྲིད་བློན་ཆེན་དང་དབུས་ཉེན་རྟོག་ཁང་གི་མགོ་འཁྲིད་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཆཱ་དྷེ་སི་གྷར(Chhattisgarh)དང་རྗར་ཁཱན་དྷི(Jharkhand)། མཱ་དྷ་ཡཱ་(Madhya) ཨོ་དྷེ་ཤཱ(Odisha) ནུབ་བྷང་གྷལ(West Bengal)མངའ་སྡེ་བཅས་ཀྱི་ནང་དམིགས་བསལ་གྱིས་དོ་སྣང་ཆེན་པོ་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

འདི་ལོའིི་ཕྱི་ཟླ་ ༥ པའི་ནང་བྷི་ཇི་པི་སྲིད་དོན་ཚོགས་པས་ཕྱི་ལོ་ ༢༠༡༩་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་དྲིལ་བསྒྲགས་སྔ་ནུར་གྱིས་བཏང་སྟེ། བསྒྲགས་གཏམ་གྱི་འབོད་ཚིག་གཙོ་བོ་ནི་ཕྱི་ལོ་༢༠༡༩ ལོར་མུ་དྷི་སྲིད་གཞུང་བསྐྱར་དུ་ཡིན་ཞེས་བསྒྲགས་ཡོད་ན་ཡང་། རྒྱ་གར་རྒྱལ་ཡོངས་ཆབ་སྲིད་ཉམས་ཞིབ་ཚོགས་པ་(ABP-CSDS)ཞེས་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། རྒྱ་གར་གྱི་མི་སེར་བརྒྱ་ཆ་ ༤༧ གྱིས་མུ་དྷི་གཞུང་ལ་བསྐྱར་དུ་གོ་སྐབས་སྤྲོད་འདོད་མེད་སྐོར་བརྗོད་འདུག མུ་དྷི་གཞུང་ལ་འདོད་མོས་མེད་མཁན་ཚོ་ནི་ཧིན་རྡུ་ཆོས་ལུགས་མ་ཡིན་པའི་ཆོས་ལུགས་གཞན་ལ་དད་མོས་བྱེད་མཁན་ཡིན་པ་དང་། རྒྱ་གར་གྱི་རིགས་དམན་པའམ་རིགས་སྐྱོ་བའི་མི་སེར་ཚོས་མུ་དྷི་གཞུང་གིས་ཧིན་རྡུ་རྒྱལ་ཞེན་ལྟ་བ་ཤུགས་ཆེར་སྤེལ་ཏེ་མི་སེར་མང་པོར་དཀའ་ངལ་སྤྲོད་ཀྱི་ཡོད་པས་བསྐྱར་དུ་འོས་འཕེན་འདོད་མེད་སྐོར་བརྗོད་ཡོད་འདུག

རྒྱ་གར་ནང་ཕྱི་ལོ་ ༡༩༤༨ ནས་ ༢༠༡༣་བར་མཐོ་རིམ་མགོ་འཁྲིད་དང་ཆབ་སྲིད་མི་སྣ་མཐོ་གྲས་ ༢༢ ལྐོག་བསོད་བྱུང་ཡོད་པ་དང་། དེ་དག་གི་ཁྲོད་ནས་རྒྱ་གར་ནང་མི་མང་པོའི་ཆེས་གུས་བཀུར་བྱེད་སའི་མགོ་འཁྲིད་ཁག་ཅིག་ནི་སེམས་དཔའ་ཆེན་མོ་གྷན་དྷི་མཆོག་དང་། རྒྱ་གར་གྱི་སྲིད་བློན་སྐབས་གསུམ་པ་ཨན་དྷར་གྷན་དྷི་མཆོག ཨན་དྷར་གྷན་དྷི་ཡི་བུ་ཆེ་བ་རཱ་ཇིབ་གྷན་དྷི། རྒྱ་གར་མེ་འཁོར་བློན་ཆེན་སྐུ་ཞབས་ལཱ་ལེ་ཊི་ནཱ་རན་ཡཱ་མཱ་ཤི་རཱ(Lalit Narayan Mishra)ལགས། དེ་བཞིན་པན་ཇིབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་རེ་ཊི་སཱ་ཀེ་རཱན(Pratap Singh Kairon)ལགས་སོགས་ཡིན་འདུག ལྐོག་གསོད་ཐེབས་པའི་མི་སྣ་མང་ཆེ་ཤོས་རྒྱ་གར་ཀོང་རི་སི་སྲིད་དོན་ཚོགས་པའི་མི་སྣ་ཡིན་པ་དང་། ཕྱི་ལོ་ ༢༠༡༣ ལོ་གཅིག་པུར་རྒྱ་གར་ཆཱ་དྷེ་སི་གྷར(Chhattisgarh )མངའ་སྡེའི་ནང་སྐབས་དེའི་ཀོང་རི་སི་གཞུང་འཛིན་ཚོགས་པའི་ཕྱི་སྲིད་བློན་ཆེན་ཝེ་དྷི་ཡཱ་ཆཱ་རན་ཞོག་ལཱ(Vidya Charan Shukla)ལགས་དང་ནང་སྲིད་བློན་ཆེན་ནཱན་དྷི་ཀོ་མཱར་པཱ་ཊིལ(Nand Kumar Patel) ལགས། དེ་བཞིན་ཀོང་རི་སི་ཚོགས་པའི་ཆཱ་དྷེ་སི་གྷར་མངའ་སྡེའི་མགོ་འཁྲིད་མཱ་ཧཱན་དྷར་རཱ་ཀཱར་མཱ(Mahendra Karma)ལགས་བཅས་ཆབ་སྲིད་ཀྱི་རྩོད་རྙོག་འོག་ལྐོག་གསོད་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༧

Leave a Reply

One thought on “སྲིད་བློན་མུ་དྷི་དམིགས་འབེན་གཙོ་བོ་ཆགས་ཀྱི་འདུག