དམག་སྦྱོང་བྱས་ཏེ་སྟོབས་ཤུགས་ངོམ།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ཏེ་ས་གནས་མི་མང་ལ་དྲག་པོའི་དཔུང་ཤུགས་ངོམ་ཡོད་འདུག

དེ་རིང་གོ་ལའི་དུས་བབ་ནང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས ༢༦ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁང་ཁག་ཅིག་དང་ས་གནས་སྲིད་གཞུང་མཉམ་འབྲེལ་ཐོག རང་སྐྱོང་ལྗོངས་ཀྱི་ནང་རྒྱ་ནག་བཅིངས་གྲོལ་དམག་གི་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ཡོད་པ་དང་། དེ་ནི་མི་མང་དང་དམག་མིའི་ཆིག་སྒྲིལ་གྱི་ནུས་པ་ཚད་མཐོ་རུ་གཏོང་ཐབས་དང་། ཞི་ཅིན་ཕིན་གྱི་སྟོབས་ལྡན་དམག་སྡེ་འཛུགས་བསྐྲུན་གྱི་ཐབས་བྱུས་རྟོགས་སུ་འཇུག་པའི་གལ་ཆེའི་གོམས་སྟབས་ཤིག་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གསར་ལམ་ནས་བསྒྲགས་ཡོད་པ་རེད།

རྒྱ་གཞུང་གི་དམག་དོན་ཆེད་མཁས་པ་སོང་ཀྲོང་ཕིང (Song Zhongping) ཟེར་བ་ཞིག་གིས། ས་མཐོ་རུ་དམག་རྒྱག་དུས་དཀའ་ཁག་ཆེ་ཤོས་དེ་རྒྱབ་དཔུང་སྟངས་འཛིན་དང་གོ་མཚོན་མཐུན་སྦྱོར་རྒྱུན་མ་ཆད་པར་དགོས་པ་དེ་ཡིན་ལ། དེ་སྔོན་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་བྱུང་སྐབས། རྒྱ་ནག་གི་དམག་རྒྱག་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་མ་ཐུབ་པའི་རྒྱུ་མཚན་ནི་རྒྱབ་དཔུང་སྟངས་འཛིན་ཞན་པའི་རྐྱེན་གྱིས་རེད། ཞེས་བརྗོད་ཡོད་པ་རེད། དེ་བཞིན་དམག་རྒྱག་རྒྱབ་དཔུང་རོགས་འདེགས་ཁང་གི་མགོ་འཁྲིད་ཀྲང་ཝེན་ལོང (Zhang Wenlong) ཞེས་པ་དེས། བོད་ཀྱི་ས་མཐོར་གནམ་གཤིས་དང་ས་བབ་མཐོ་ཚད་མི་སྙོམ་པ་ཡིན་པས་དུས་ཡུན་རིང་པོ་ཞིག་ལ་དམག་མིར་གོ་མཚོན་མཁོ་སྤྲོད་དང་། དམག་རྒྱག་རྒྱབ་དཔུང་སྟངས་འཛིན་བྱེད་པར་ཧ་ཅང་ཁག་པོ་ཡོད་པ་རེད། དམག་མིའི་འཚོ་གནས་དང་། སྐྱེལ་འདྲེན། ཅ་དངོས་མཁོ་སྤྲོད། མྱུར་སྐྱོབ། གཞུང་ལམ་བདེ་འཇགས་སོགས་ཀྱི་དཀའ་ངལ་དེ་དག་སེལ་ཆེད་དུ་དམག་སྡེ་ནས་མི་མང་དང་དམག་ཆིག་སྒྲིལ་གྱི་ཐབས་ལམ་སྤྱད་དེ། དམག་རྒྱག་རྒྱབ་དཔུང་ལས་དོན་ཐད་ཡར་རྒྱས་རྒྱུན་མ་ཆད་པར་འགྲོ་བཞིན་པ་རེད་ཅེས་བཤད་ཡོད་པ་རེད།

རྒྱ་ནག་གཞུང་གིས་དམག་དོན་ཆེད་སྤྱོད་གནམ་གྲུའི་འབབ་ཚུགས་གསར་འཛུགས་སོགས་བྱས་ཏེ་བོད་ཀྱི་ས་མཐོར་ལོ་རེ་བཞིན་དམག་སྒར་རྒྱ་སྐྱེད་དང་དམག་མི་འབོར་ཆེན་དབོར་འདྲེན་བྱེད་བཞིན་ཡོད་པ་དེ་ནི། གཙོ་བོ་བོད་མིར་ལྟ་རྟོག་སྟངས་འཛིན་སྟབས་བདེ་རུ་དང་ཚགས་ཚུད་གཏོང་ཆེད་དང་། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་གཙོས་མཐའ་མཚམས་བཙན་བཟུང་བྱེད་པའི་ཆེད་དུ་ཡིན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ངོམ་པའི་ཆེད་དུ་ཡིན་པ་རེད།

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply

One thought on “དམག་སྦྱོང་བྱས་ཏེ་སྟོབས་ཤུགས་ངོམ།

  1. འཇིགས་དངངས་སྐྱེད་ས་ ཨ་རི། རྫིག་རྫིག་བཏང་ས་ བོད་དང་ ཤིན་ཅང་ཡུ་གུར། ཁོང་ཁྲོ་ཟ་ས་ གཡག རྡོག་རྒྱག་བཞུ་ས་ བོང་བུ།