ནམ་མཁར་འཕུར་བའི་བྱ་ལ་དོགས་ཟོན་གྱིས།

རྒྱ་ནག་གཞུང་གིས་ཡུ་གུར་རང་སྐྱོང་ཁུལ་དང་ཞིང་ཆེན་གཞན་འགར་འཕྲུལ་བཟོས་ཕུག་རོན་བཏང་སྟེ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལ་ནམ་མཁའ་ནས་ལྟ་ཞིབ་ནན་མོ་བྱེད་ཀྱི་ཡོད་འདུག
བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་གྱི་ནུབ་བྱང་འཕྲུལ་རིགས་སློབ་ཆེན་གྱི་སློབ་དཔོན་སོང་པི་ཧྥིན་ (Song Bifeng) གྱིས་གཙོ་འགན་འཁུར་ཏེ། ཕུག་རོན་གྱི་གཟུགས་དབྱིབས་དང་འདྲ་བའི་བརྙན་མིག་ཉུལ་ཞིབ་འཕྲུལ་ཆས་ཤིག་བཟོས་ཡོད་པ་དང་། འཕྲུལ་བྱ་དེའི་མིང་ལའང་ཕུག་རོན་ཞེས་བཏགས་འདུག འཕྲུལ་བྱ་དེའི་གཤོག་རྩལ་དང་ལྡེམ་མྱུར། དབྱིབས་དང་ཁ་དོག ཁ་ཕྱོགས་འཚོལ་བ་དང་རླུང་གི་ཤུགས་ཚད་ལ་བརྟེན་ནས་འཕུར་བ་སོགས་ནི་ཕུག་རོན་ངོ་མ་ཞིག་དང་བརྒྱ་ཆ་ ༩༠ ཙམ་གཅིག་མཚུངས་ཡིན་འདུག་པ་མ་ཟད། སྲུང་སྐར་བརྒྱུད་འཕུར་སྐྱོད་སོགས་ལ་སྟངས་འཛིན་བྱེད་ཆོག་སྟབས། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་སློབ་དཔོན་སོན་པེ་ཧྥིན་གྱི་བྱས་རྗེས་ལ་ཆེ་བསྟོད་ཀྱང་བྱས་ཡོད་འདུག

སོང་པི་ཧྥིན་གྱི་ལས་རོགས་ཡང་ཝིན་ཆིན་ (Yang Wenqing) གྱིས་འཕྲུལ་བྱ་དེ་བེད་སྤྱོད་དེ་ཙམ་ཆེ་རྒྱུ་མེད་ན་ཡང་རྒྱ་ནག་ནང་བེད་སྤྱོད་བྱེད་མགོ་ཚུགས་ཡོད་པ་དང་། ང་ཚོས་འཕྲུལ་ལས་རིག་པས་མ་འོངས་པར་མིའི་རིགས་ལ་ཕན་ཐོགས་རྒྱ་ཆེན་པོ་བསྒྲུབ་ཐུབ་པར་ཡིད་ཆེས་ཡོད་ལ། འཕྲུལ་བྱ་དེས་དམག་དོན་དང་མི་མང་གི་དགོས་མཁོ་གང་མང་ཞིག་བསྐོང་ཐུབ་པའི་དམིགས་བསལ་ཁེ་ཕན་ཡོད་པ་མ་ཟད། རང་བྱུང་གོད་ཆགས་ལ་ཛ་དྲག་མྱོར་སྐྱོབ་བྱ་བར་ཕན་ཐོགས་ཡོད་ངེས་རེད། ཅེས་བརྗོད་འདུག

ཡང་ཁོའི་ལས་རོགས་གཞན་ཞིག་གིས་བརྗོད་ན། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་བརྙན་མིག་ཉུལ་ཞིབ་འཕྲུལ་ཆས་གྱི་ལག་རྩལ་གོང་སྤེལ་གྱིས་འཕྲུལ་ཆས་དང་སྲོག་ལྡན་སྐྱེས་དངོས་བར་ཁྱད་པར་ཆུང་དུ་བཏང་སྟེ། མིས་ལས་སླ་བོར་བརྙན་མིག་ཉུལ་ཞིབ་འཕྲུལ་ཆས་དང་སྲོག་ཆགས་བར་དབྱེ་བ་འབྱེད་མི་ཐུབ་པ་བཟོ་རྒྱུ་དེ་རེད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་གྲོང་རྡལ་འཆར་འགོད་སོགས་ཀྱི་ཐད་རྒྱ་ནག་ཁོ་ནའི་ནང་ཨ་སྒོར་དུང་འཕྱུར་ ༡༥ དང་ཕྱེད་ཀ་ཙམ་གྱི་ཁྲོམ་ར་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

སོང་པི་ཧྥིན་སོགས་ཀྱིས་འཕྲུལ་བྱ་དེ་ནམ་མཁར་སྐར་མ་ ༢༠ རིང་ཙམ་ལས་འཕུར་ཐུབ་གྱི་མེད་པ་དང་ཆར་རླུང་ཤུགས་ཆེན་སྐབས་འཕུར་བསྐྱོད་ཡག་པོ་ཐུབ་ཀྱི་མེད་ན་ཡང་། བཟོ་ཐེངས་རྗེས་མའི་འཕྲུལ་བྱ་དེ་ཐེངས་འདི་དང་གཏན་ནས་མི་འདྲ་པར་རྙོག་ཟིང་ཆེ་བའི་ཁོར་ཡུག་གང་འདྲ་ཞིག་གི་ནང་དུའང་འཕུར་ཐུབ་པ་དང་། འཕུར་རྩལ་སོགས་ཕུག་རོན་དངོས་དང་གཅིག་མཚུངས་ཡིན་པའམ་དེ་ལས་ཡག་པོ་ཡོད་ངེས་པ་རེད། ཅེས་བརྗོད་འདུགརྒྱ་ནག་གཞུང་གི་དམག་དོན་དང་གཞུང་འབྲེལ་ཚོགས་པ་ཁག་ ༣༠ ཙམ་གྱིས་བརྙན་མིག་ཐོགས་པའི་འཕྲུལ་བྱ་དེ་བེད་སྤྱོད་བྱས་ནས་མི་མང་གི་བྱ་སྤྱོད་ལ་ལྟ་ཞིབ་བྱེད་བཞིན་ཡོད་པར་མི་མང་པོས་སྐྱོན་བརྗོད་དང་། འཕྲུལ་བཟོས་ཕུག་རོན་མང་པོ་ནམ་མཁར་འཕུར་གྱི་ཡོད་པའི་བརྙན་ཐུང་ཞིག་བཀྲམ་ཡོད་པ་དེར་མི་ཚོས་ཕུག་རོན་འདི་ཚོས་ཞི་བདེ་ཡོང་གི་རེད་དམ། ཞེས་ཟུར་ཟ་བྱས་འདུག

འཕྲུལ་བཟོས་ཕུག་རོན་དེ་ནི་རྒྱ་ནག་ནང་བཟོས་པའི་བརྙན་མིག་འཕྲུལ་བྱ་ཐོག་མ་དེ་རེད་མི་འདུག ཕྱི་ལོ་ ༢༠༡༢ ལོར་ནན་ཅིན་མཁའ་སྐྱོད་སློབ་ཆེན་གྱིས་ཆེ་ཆུང་བྱ་རྒོད་དང་འདྲ་པའི་འཕྲུལ་བཟོས་བྱ་ཞིག་བཟོས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་རྒྱལ་སྲུང་ཐོག་ཉམས་ཞིབ་གནང་བཞིན་པའི་ཧ་ཨིར་པིན་འཕྲུལ་ལས་བཟོ་རིག་སློབ་ཆེན་གྱིས་ཀྱང་ས་བབ་མཐོན་པོར་འཕུར་སྐྱོད་ཐུབ་པའི་འཕྲུལ་བྱ་ཞིག་བཟོ་བཞིན་ཡོད་པ་གཞུང་འབྲེལ་དྲ་ཚིགས་ཤིག་ཏུ་འཁོད་འདུག

ཕྱི་ལོ་ ༢༠༡༣ ནང་ཨ་རིའི་མངའ་སྡེ་ཧྤི་ལོ་རེ་ཊའི་སློབ་ཆེན་ཞིག་གིས་འཕྲུལ་བྱ་ ༣༠ བཟོ་སྐྲུན་བྱས་ཡོད་འདུག་པ་དང་། ནེའུ་ཌར་ལན་ཌིའི་བཟོ་ལས་ཁང་ཞིག་གིས་སྐར་མ་བཅུ་ལ་འཕུར་ཐུབ་པའི་བྱ་ཞིག་བཟོས་ཡོད་ན་ཡང་། ད་ཆ་དེ་ནི་འགྲེམས་སྟོན་ཁོ་ན་བྱེད་པ་ལས་བྱེད་སྒོ་གཞན་ལ་སྤྱོད་ཀྱི་མེད་འདུག བཟོ་ལས་ཁང་དེས་འཕྲུལ་བྱ་དེའི་ཆེས་ཐོག་མའི་དམིགས་ཡུལ་ནི་ཞིང་ནང་གི་བྱ་དང་འབུ། གནམ་ཐང་གི་བྱ་སོགས་དཀྲོག་རྒྱུའི་ཆེད་དུ་ཡིན་ཚུལ་བརྗོད་འདུག

དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་འཇར་མན་གྱི་བཟོ་ལས་ཁང་ཞིག་གིས་རང་འགུལ་གྱིས་འཕུར་ཐུབ་པ་དང་འབབ་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་པའི་འཕྲུལ་བྱ་ཞིག་བཟོས་ཡོད་འདུག་ཀྱང་། ཚན་རྩལ་དུས་དེབ་ཟེར་བར་བརྗོད་ན། འཕྲུལ་བྱ་དེ་ཁྲོམ་རར་འགྲེམས་འདོད་མེད་པ་དང་ལྷག་པར་དུ་དམག་དོན་ལ་སྤྱོད་སྒོ་ཆེ་པའི་འཕྲུལ་རིག་བཟོ་འདོད་མེད་སྐོར་བརྗོད་ཡོད་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply

One thought on “ནམ་མཁར་འཕུར་བའི་བྱ་ལ་དོགས་ཟོན་གྱིས།

  1. དེ་ལས་ གུང་ཁྲན་ཀླ་ཀློ་ ཚོར་ ནམ་མཁའི་བླ་མ་དཀོན་མཆོག་ལ་ དོགས་ཟོན་གྱིས། མི་ལ་རྫིག་རྫིག་བཏང་ན་ ལས་འབྲས་ལ་རྫིག་རྫིག་བཏང་མི་ཐུབ།