བདུད་འདུལ་རྡོ་རྗེ་ལགས་ལ་ལས་བྱེད་ལས་དོན་གཟེངས་རྟགས་ཐོབ།

ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བདུད་འདུལ་རྡོ་རྗེ་ལགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་འགན་འཛིན་གྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་འབུལ་འདུག

བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ནང་འཁོད་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༧ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་དེ། བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་ཞབས་ལོ་ ༡༠ ཙམ་འགྲོ་བཞིན་པའི་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བདུད་འདུལ་རྡོ་རྗེ་ལགས་སུ་སྤྲོད་གཏན་འཁེལ་ཡོད་འདུག

བདུད་འདུལ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༨༠ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལ་བྱང་ས་སྨད་དུ་སྐྱེས་ཡོད་པ་དང་། གཞི་རིམ་སློབ་གྲྭ་ལ་དྭགས་བོད་ཁྱིམ་དུ་ཕྱིན་པ་དང་། དེ་ནས་རིམ་གྱིས་སྦེལ་ཀོབ་བོད་ཁྱིམ་དང་ཨན་ད་ར་ལོ་ཡོ་ལཱ(Andhra Loyola College)མཐོ་སློབ་ཏུ་ཚོང་རྩིས་ཐོག་སློབ་གཉེར་བྱས་ཡོད་འདུག

ཁོང་ཕྱི་ལོ་ ༢༠༠༨ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁོངས་སུ་གསར་འདེམས་བྱུང་སྟེ། ཐོག་མར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་གཞོན་གྱི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ནས་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་གི་འགན་འཛིན་ལས་རོགས། ཕྱི་ལོ་ ༢༠༡༠ ཟླ་ ༧ ནས་འགན་འཛིན་ངོ་མའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནས་བལ་ཡུལ་འབྲེལ་མཐུད་ལས་ཁང་གི་དྲུང་ཆེ་དང་། བལ་ཡུལ་རྒྱལ་ས་དང་འཕགས་ཤིང་། གློ་ཚེ་རོགས་བཅས་ཀྱི་ས་གནས་མགོ་འཛིན་དང་། ཀཱ་ཐི་མན་ཀྲུའུ་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཞུས།

དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་སྒང་ཏོག་ས་གནས་མགོ་འཛིན་དང་། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་ནང་སྲིད་ལས་ཁུངས་ཀྱི་རྩིས་ཁང་ཚན་པའི་འགན་འཛིན་བྱས་ཏེ། ནང་སྲིད་དབུས་བོད་མིའི་ངལ་སེལ་ཚོགས་པའི་ ༢༠༠༩།༢༠༡༠ ལོའི་འབབ་ཁྲལ་སྒོར་ས་ཡ་ ༤༡ རྒྱ་གར་འབབ་ཁྲལ་ལས་ཁུངས་ལ་འབུལ་དགོས་པའི་བརྡ་ཁྱབ་འབྱོར་ཡོད་ཀྱང། ཁོང་གིས་ཁྲལ་ཆག་ཐོབ་ཐབས་སུ་ཡིག་ཆ་ཁུངས་འཕེར་གྲ་སྒྲིག་གནང་སྟེ་ཁྲིམས་རྩོད་པ་བརྒྱུད་ཁྲིམས་གཏུག་བྱས་ཏེ་མཐར་གོང་གསལ་དངུལ་འབབ་ཆ་ཚང་འབུལ་མི་དགོས་པར་ཆག་ཡོད་འདུག

ཁོང་ནང་སྲིད་ལས་ཁུངས་སུ་སླེབས་རྗེས་རྩིས་ཞིབ་སྙན་ཐོའི་ནང་གསལ་བའི་སྐྱོན་གནད་ཁག་ལ་མཇུག་སྐྱོང་དོ་ནན་གནང་སྟེ་སྐྱོན་གནས་ཉུང་དུ་ཕྱིན་ཡོད་པ་དང་། ལྷག་པར་རྩིས་ལོ་ ༢༠༡༦།༢༠༡༧ ལོའི་རྩིས་ཞིབ་སྙན་ཐོའི་ནང་སྐྱོན་གནད་རྐང་གཅིག་ལས་མེད་པའི་རྩིས་ཀྱི་འགན་ཁུར་གཟེངས་སུ་ཐོན་པ་བྱུང་ཡོད་པ་དང་། རྩིས་ལོ་ ༢༠༡༥།༢༠༡༦ ནས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་གཞིས་ཆགས་སྤྱི་ཚོགས་ཡོངས་ལ་གཟིགས་རྟོགས་ཆེད་རོགས་དངུལ་སྒོར་ས་ཡ་ ༨༠ རེ་ལོ་ལྔའི་རིང་གནང་གཏན་འཁེལ་ཡོད་པ་ལྟར། བདུད་འདུལ་རྡོ་རྗེ་ལགས་ནས་འགན་འཁུར་སྣེ་འཁྲིད་འཐུས་ཤོར་མེད་པར་གནང་སྟེ་ད་བར་རོགས་དངུལ་མུ་མཐུད་ཐོབ་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་ནས་ཁོང་ལ་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༢

Leave a Reply

3 thoughts on “བདུད་འདུལ་རྡོ་རྗེ་ལགས་ལ་ལས་བྱེད་ལས་དོན་གཟེངས་རྟགས་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    གཏམ་བཟང་རེད་ལས་བྱེད་པའི་ལས་འགན་འགྲུབ་པ་ནི་དོན་དེ་ལ་མངགས་པའི་མངགས་གོ་ཆོད་པ་
    རེད་ཐུགས་རྗེ་ཆེ་བཀྲིན་ཆེ་།

  2. བོད་མིའི་སྒྲིག་འཛུགས་སུ་ལས་ཞུགས་གནང་ཞིང་གྲུབ་འབྲས་གཟེངས་སུ་ཐོན་པར་རྟེན་འབྲེལ་བཀྲིས་བདེ་ལེགས་ཞུ།

  3. ལྷ་རུའི་བུ།

    མངོན་པར་བསྟོད་དོ། རྗེས་སུ་ཡི་རང་ཡོད། ད་དུང་དེ་ལས་ལྷག་པའི་ནུས་པ་གདོན་དགོས་པའི་རེ་བ་ཞུས།