ཨ་རིའི་སྐྱབས་བཅོལ་བའི་དཀའ་ངལ་སེལ་བའི་རེ་བ་འདུག

ཨ་རི་གཞུང་གིས་མེག་སི་ཀོའི་སྲིད་འཛིན་གསར་པར་འབྲེལ་བ་བྱས་ཏེ་སྐྱབས་བཅོལ་བའི་དཀའ་རྙོག་སེལ་ཐུབ་པར་རེ་བ་གསར་པ་ཞིག་རྒྱག་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་མེག་སི་ཀོའི་སྲིད་འཛིན་འོས་བསྡུའི་ཁྲོད་དགུང་ལོ་ ༦༤ ཡིན་པའི་སྐུ་ཞབས་ལོ་ཕེ་ཛི་ ཨོབ་ར་ཊོར་(López Obrador)ལགས་སུ་འོས་གྲངས་བརྒྱ་ཆ་ ༥༣ ཙམ་ཐོབ་སྟེ་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ལོ་ཕེ་ཛི་ཨོབ་ར་ཊོར་ལགས་ཀྱིས། ཨ་རིའི་ནང་གི་ཡིག་ཆ་མེད་པའི་སྐྱབས་བཅོལ་བའི་ཁེ་དབང་སྲུང་སྐྱོབ་དང་རུལ་སུངས་ཀྱི་སྲིད་གཞུང་གཙང་སེལ་གྱི་དྲིལ་བསྒྲགས་བྱས་པར་བརྟེན། འོས་འགྲན་པ་གཞན་བཞི་ལས་ཁོང་ལ་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཕྱི་ལོ་ ༡༩༨༢ ནས་ད་བར་སྲིད་འཛིན་འོས་གྲངས་མཐོ་ཤོས་ཐོབ་མཁན་དེ་ཆགས་ཡོད་འདུག

ལོ་ཕེ་ཛི་ ཨོབ་ར་ཊོར་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཕྱི་ཉིན་དེར་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཁ་པར་བརྒྱུད་རྟེན་འབྲེལ་ཞུས་ཡོད་པ་མ་ད། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དང་རྒྱལ་མཚམས་བརྟན་བརླིང་སོགས་སྐོར་ལ་དུས་ཡུན་སྐར་མ་ ༣༠ རིངབཀའ་མོལ་གནང་ཡོད་འདུག

འོས་ཐོབ་སྲིད་འཛིན་ཨོབ་ར་ཊོར་ལགས་ཀྱིས་སྒེར་གྱི་ཊེ་ཊུར་ཐོག ངས་ཁོང་ལ་མེག་སེ་ཀོ་ནང་ཡར་རྒྱས་ཀྱི་ལས་གཞི་གང་མང་བསྐྲུན་ནས་མི་དམངས་ལ་ལས་ཀ་སྤྲོད་པའི་རེ་འདུན་ཞུས་ཡོད་ལ།  དེས་རྒྱལ་མཚམས་ཀྱི་བདེ་འཇགས་དང་ཁྲིམས་འགལ་ཐོག་སྐྱབས་བཅོལ་དུ་འགྲོ་མཁན་ཉུང་དུ་འགྲོ་ཡི་རེད། ཅེས་དང་།  ཡང་ཁོང་གིས་མི་འགྱངས་བར་ཕྱོགས་གཉིས་ཀྱི་དཀའ་ངལ་ཐད་སྐུ་ཚབ་ཐུག་འཕྲད་ཀྱིས་གྲོས་བསྡུར་གནང་གཏན་འཁེལ་ཡོད་ལུགས་བརྗོད་འདུག

ཊོམ་ཕུས་འོས་ཐོབ་སྲིད་འཛིན་ཨོབ་ར་ཊོར་ལགས་སུ་གཟའ་ཉི་མའི་དགུང་མོར་ཊེ་ཊུར་བརྒྱུད་རྟེན་འབྲེལ་ཞུས་པའི་ནང་། ང་ལ་སྲིད་འཛིན་འོས་ཐོབ་ཁོང་དང་མཉམ་དུ་ཕྱག་ལས་གནང་རྒྱུའི་འདུན་པ་ཤུགས་ཆེན་ཡོད། རྒྱལ་ཁབ་གཉི་ཀར་ཕན་པའི་ལས་དོན་ཧ་ཅང་མང་པོ་ཡོད་པ་རེད། ཅེས་དང་། ཡང་ཁ་པར་བརྒྱུད་བཀའ་མོལ་གནང་རྗེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཡོང་ངེས་རེད་འདུག ཅེས་བཀོད་འདུག

མེག་སེ་ཀོའི་ལས་ཐོག་སྲིད་འཛིན་ཨན་རེ་ཁུ་པེ་ན་ནུའི་ཌོ་ (Enrique Peña Nieto) ལགས་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་ཐད་གྲོས་མོལ་ཆེད་ཉེ་སྔོན་ཨ་རིར་འགྲོ་གཏན་འཁེལ་ཡོད་ཀྱང་། ཁ་པར་བརྒྱུད་ཕན་ཚུན་བར་མི་མཐུན་པའི་ཕྱོགས་མང་པོ་མངོན་པའི་རྐྱེན་གྱིས་ཕྱོགས་སྐྱོད་ཕྱིར་འཐེན་བྱས་ཡོད་འདུག

ལས་ཐོག་སྲིད་འཛིན་ཀྱི་སྐབས་ཏེ་ཕྱི་ལོ་ ༢༠༡༦ ལོའི་ཊོམ་ཕུའི་སྲིད་འཛིན་འོས་སྡུའི་དྲིལ་བསྒྲགས་སྐབས་ནས་བཟུང་། མེག་སི་ཀོ་ལ་མཁྲེགས་འཛིན་གྱི་སྲིད་བྱུས་བཟུང་སྟེ་རྒྱལ་མཚམས་ལ་རྩིག་གྱང་བསླང་རྒྱུ་དང་། དེའི་འགྲོ་སོང་ཆ་ཚང་མེག་སི་ཀོ་གཞུང་གིས་གཏོང་དགོས་སྐོར་བརྗོད་ཡོད་པ་མ་ཟད། མཐའ་དམག་ཁ་སྣོན་དང་རྒྱལ་མཚམས་ཀྱི་སྐྱབས་བཅོལ་བའི་ཕ་མ་དང་བྱིས་པ་གཉིས་ཁ་ཁར་གཏོང་བ་སོགས་བྱེད་བཞིན་ཡོད་པ་རེད།

འོས་ཐོབ་སྲིད་འཛིན་ཨོབ་ར་ཊོར་ལགས་ཕྱི་ལོ་ ༢༠༠༦ དང་ ༢༠༡༢། དེ་བཞིན་ད་ལོ་བཅས་ཐེངས་གསུམ་ལ་མེག་སི་ཀོ་སྲིད་འཛིན་འོས་བསྡུའི་ནང་ཞུགས་ཡོད་པ་དང་། ད་ཐེངས་རྒྱལ་ཁ་ཐོབ་སྟེ་ད་ལོའི་ཕྱི་ཟླ་ ༡༠ ནང་ལས་ཞུགས་བྱ་རྒྱུ་ཡིན་འདུག ཁོང་གིས་སྔར་ལོར་བརྩམས་པའི་དེབ་ཊོམ་ཕུ། ཁྱོས་ཉོན། (Listen Up, Trump) ཞེས་པའི་ནང་། ཊོམ་ཕུས་མེག་སི་ཀོ་ལ་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་སྐབས་ཊོམ་ཕུ་ནི་ཁེངས་དྲགས་ཅན་དང་བློ་བརྟན་མེད་སྐོར་བྲིས་ཡོད་འདུག

མེག་སི་ཀོ་ནི་ལྷོ་ཨ་མི་རེ་ཀ་ནང་ཡོད་པ་དང་ཕྱི་ལོ་ ༢༠༡༧ ལོའི་ཞིབ་འཇུག་གྲངས་ཐོ་ལྟར་ན། ཡུལ་དེར་མི་འབོར་ས་ཡ་ ༡༢༣ ཙམ་ཡོད་ལ། མི་མང་དཀྱུས་མའི་ཡོང་འབབ་གཙོ་བོ་ནི་ཁྱིམ་མཚེས་ཨ་རིའི་ནང་བསགས་པའི་དངུལ་ཕྱིར་བསྐུར་བ་དེ་ཡིན་འདུག འོན་ཀྱང་ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེན་བྱུང་བར་བརྟེན། ཨ་རིར་ལས་ཀ་རག་རྒྱུ་ཁག་ཏུ་ཕྱིན་པ་དང་ཕྱི་ལོ་ ༢༠༡༠ ལོར་རྒྱལ་མཚམས་སྐོར་སྲུང་ཇེ་དམ་དུ་བཏང་བ། རྒྱལ་མཚམས་སུ་མྱོས་རྫས་ནག་ཚོང་རྒྱག་མཁན་མང་དུ་ཕྱིན་ཏེ་འགྲོ་ལམ་ཉེན་ཁ་ཅན་ཏུ་གྱུར་ཡོད། མེག་སི་ཀོ་རྒྱལ་ནང་ལ་ཡར་རྒྱས་ཕྲན་བུ་ཕྱིན་ཏེ་འཚོ་བའི་དགོས་མཁོའི་དབང་གིས་འགྲོ་མ་དགོས་པ་ཞིག་ཆགས་ཡོད་སྟབས། ཁྲིམས་མཐུན་མིན་པར་ཨ་རིའི་རྒྱལ་མཚམས་བརྒལ་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག་ཀྱང་། ཨ་རིའི་སྲིད་འཛིན་ཊོམ་ཕུས་ས་མཚམས་ལ་རིང་ཚད་སྤྱི་ལེ་ ༣༡༤༥ ཡོད་པ་དེར་ཨ་སྒོར་དུང་ཕྱུར་ ༡༨༠ ཅན་གྱི་རྩིག་གྱང་ཞིག་རྒྱག་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༠༣

Leave a Reply

2 thoughts on “ཨ་རིའི་སྐྱབས་བཅོལ་བའི་དཀའ་ངལ་སེལ་བའི་རེ་བ་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    མི་མཐུན་ཚིག་གི་ཁ་དམག་དྲག་པོའི་འོག་།
    མཐུམ་འབྲེལ་ཐུབ་པའི་རེ་བ་བཅང་ན་དགའ་།
    ཨ་བྱང་འབྲེལ་བ་འཛམ་གླིང་ཉམས་མྱོང་ལྷག་།
    མེག་ཨའི་འབྲེལ་བ་རེ་བའི་སྟོང་ཆ་ཙམ་།
    ཆབ་སྲིད་མི་སྣས་ཆབ་སྲིད་ཟློས་གར་ཁྲབས་།
    ཞི་བའི་མི་མང་དཀའ་སྡུག་ནང་དུ་ལྷག་།