ཧི་མ་ལ་ཡ་རིག་གཞུང་མི་ཉམས་རྒྱུན་འཛིན་བོད་ཡིག་མ་གཏོཊ་སྐད་ཡིག་གཞན་སུ་གཅིག་གིས་བྱེད་མི་ཐུབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁ་ཆེའི་ཆོས་གྲོགས་ཚོས་ཀྱང་དད་པ་བྱེད་ས་ཨཱ་ལ་བྱས་ཏེ་དཔལ་ནཱ་ལེནྡྲའི་རིག་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་བསླབ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོད་སྐོར་གསུངས།ཁ་སང་ཕྱི་ཚེས་༦ ཉིན། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ཞི་བའི་ཚལ་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༣ བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་ཡོད་པ་དང་། མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བླ་སྤྲུལ་མཁན་གསུམ་གྱི་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ། སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་འཛོམས་ཡོད་འདུག མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་འགྱུར་བསྟན་འགྱུར་རྩ་བར་གྱུར་བའི་ཧི་མ་ལ་ཡའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་ཞིག་དགོས་ན། བོད་སྐད་མ་གཏོགས་སྐད་ཡིག་གཞན་སུ་གཅིག་གིས་བྱེད་ཐུབ་རྒྱུ་མིན་སྟབས། ལ་དྭགས་ཡུལ་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། ཞེས་བཀའ་སློབ་བསྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དམ་ཚིགས་བརྟན་པའི་ལ་དྭགས་ཁུལ་གྱི་སེར་སྐྱ་མི་མང་སྐུའི་འཁྲུངས་སྐར་སྲུང་གཙི་ཆེད་འདུ་འཛོམས་བྱུང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་དང་འབྲེལ། དེ་རིང་ངའི་འཁྲུངས་སྐར་ལ་གྲོགས་པོ་དང་ངོ་ཤེས་པ་སོགས་འཛམ་གླིང་ས་ཕྱོགས་མང་པོ་ཞིག་ནས་ངོས་ལ་སྐྱེ་སྐར་འཚམས་འདྲི་གནང་མཁན་དང་ཡི་གེ་གཏོང་མཁན་མང་པོ་ཞིག་ཡོང་གི་འདུག རེ་རེ་བཞིན་ཡིག་ལན་འབྲི་མི་ཐུབ་ཀྱང་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན།  དེ་བཞིན་གོང་དུ་གསུང་བཤད་དང་པོ་གནང་མཁན་ལ་དྭགས་ནང་པའི་ཚོགས་གཙོས་ངོས་ཀྱིས་གང་བཤད་པ་དེ་དག་ལག་བསྟར་ཡོང་ཐབས་བྱེད་བཞིན་ཡོད་ཅེས་གསུང་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། ཞེས་གསུང་བ་ལྟར་ཕན་པའི་ལས་ལ་བཀའ་དྲིན་རྗེས་དྲན་གྱི་མཆོད་པ་བྱེད་རྒྱུ་གཙོ་བོ་དེ་མར་ལབ་བཞག་པ་དེ་སེམས་ལ་བཞག་ནས་ལག་ལེན་བསྟར་ནས་སྒྲུབ་པའི་མཆོད་པ་ཕུལ་བ་དེ་མཆོད་པའི་གཙོ་བོ་རེད། ངོས་ཀྱིས་ལྷག་བསམ་རྣམ་དག་བྱས་ཏེ་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད་པ་རེད། སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱབ་བསྡད་ཡོད་ན་ཡང་མཚན་གུང་ནམ་མཁར་ལྟོས་དང་སྐར་ཚོགས་གྲངས་ལས་འདས་པ་ཞིག་ཡོད་པ་ལྟར། འཛམ་གླིང་འདིར་སེམས་ཅན་ཀྱང་དེ་ལྟར་དུ་མཐའ་ཡས་པ་ཞིག་ཡོད་པ་རེད། དེ་དག་གི་ཆེད་སྨོན་ལམ་ཙམ་བརྒྱབ་པ་ལས་གང་ཡང་བྱེད་ཐབས་མེད་ན་ཡང་། འཛམ་གླིང་འདིར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱེད་ཐུབ་སའི་གོ་སྐབས་ཤིག་ཡོད་བསྡད་པ་དེ་མི་དུང་ཕྱུར་ ༧༠ ཞིག་ཡོད་པ་རེད། དེ་དག་ཚང་མ་འགྲོ་བ་མིའི་གཞི་རྩའི་ཚོར་ཤེས་དང་ནང་སེམས་ཕྱིའི་གཟུགས་པོ་དང་ནུས་པ་སོགས་ཚང་མ་གཅིག་པ་ཆགས་ཀྱི་ཡོད་པ་རེད། མི་གྲངས་དུང་ཕྱུར་ ༧༠ ཞིག་ཡོད་པ་དེར་དྲང་བདེན་དང་འཚེ་བ་མེད་པར་ཞི་བདེ་ཞིག་ཡོང་ན་བསམ་པ་དེ་ག་ཚོད་ཐུབ་ཐུབ་ལག་ལེན་ལ་འཁེལ་ཐུབ་པ་བྱ་རྒྱུ་གལ་ཆེན་རེད། ཅེས་གསུངས་འདུག

བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར་ལ་ཁོང་གིས། བཀའ་འགྱུར་བསྟན་འགྱུར་རྩ་བར་གྱུར་བའི་ཧི་མ་ལ་ཡའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་ཞིག་དགོས་ན་བོད་སྐད་མ་གཏོགས་སྐད་ཡིག་གཞན་སུ་གཅིག་གིས་བྱེད་ཐུབ་རྒྱུ་མིན་པ་དང་། དེར་བརྟེན་ལ་དྭགས་ཡུལ་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། གཞིས་བཞུགས་བོད་མི་རྣམས་ཀྱིས་ཚེ་སྲོག་བློས་བཏང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད། ནུབ་ལ་དྭགས་ནས་ཤར་མོན་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ལྷ་ཁང་ནང་མེད། སངས་རྒྱས་ཀྱི་བསྟན་པ་འདི་ལུང་རྟོགས་ཀྱི་བསྟན་པ་རེད། ལུང་སྡེ་སྡོད་གསུམ་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་ཉམས་ལེན་བྱས་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས། བསླབ་པ་སློབ་གཉེར་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉེ་སྔོན་ལྡི་ལིར་ཧི་མ་ལ་ཡ་ཚོགས་པ་ཚུགས་ནས་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་དགོན་པ་ཁག་ཆ་ཚང་ལ་ཤེས་ཡོན་བསྟི་གནས་ཁང་འཛུགས་རྒྱུ་ཡིན་སྐོར་བརྗོད་བྱུང་། ངོས་རང་ཧ་ཅང་དགའ་པོ་བྱུང་། རྗེས་སུ་ཡི་རངས་ཡོད། ངོས་ཀྱིས་ཁ་ནས་བཤད་པ་དེ་ཁྱེད་ཚོས་ངོ་ཐོག་ལག་ལེན་འཁེལ་ཐུབ་པ་བྱེད་བཞིན་ཡོད་ཅེས་བརྗོད་སོང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་མཚོན་ན་ལ་དྭགས་ནང་ཡག་ཐག་ཆོད་འདུག ད་དུང་ཡར་རྒྱས་གཏོང་དགོས་ཀྱི་འདུག བོད་མི་བརྒྱ་ཆ་ ༩༠ ཡིས་ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། བོད་ཀྱི་གནད་དོན་དེ་དྲང་བདེན་རེད། གཙོ་ཆེར་བོད་ཀྱི་ཁོར་ཡུག་ཡག་པོ་བྱས་ནས་ཉར་ཚགས་ཆེད་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། ཅེས་གསུངས་འདུག

མཇུག་ཏུ་ཐུགས་སྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་རིག་གཞུང་སླར་གསོའི་སྐོར་གསུང་སྐབས། ལ་དྭགས་ཁ་ཆེའི་ཆོས་གྲོགས་ཚོས་དད་པ་བྱེད་ས་ཨཱ་ལ་ལ་བྱས་ཏེ། ནང་པའི་གཞུང་ནས་གསུངས་པའི་ཚད་མ་རིག་པ་དང་ལྟ་གྲུབ་རིག་པའི་སྐོར་དེ་དག་སློབ་གཉེར་བྱས་པ་ཡིན་ན་ཕན་ཐོགས་ཡོད་པ་དང་། ང་རང་ཚོ་ནང་ཚགས་ཡིན་དུས་དེ་ལྟར་བཤད་པ་ཡིན་ན་གལ་མི་འདུག་བསམ་ཡོད།  ཏཱ་ལའི་བླ་མ་ཁ་བདེ་པོ་ཡོད་པ་འདི་ནཱ་ལེནྡྲའི་རིག་གཞུང་སྦྱངས་ནས་བྱུང་བ་རེད། ང་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་མ་བརྗོད་པར་རིག་གཞུང་ཞེས་བརྗོད་ན་ཡག་པོ་འདུག དེར་བརྟེན་ངོས་ཀྱི་རེ་བར་མ་འོངས་པར་ཁ་ཆེའི་ཆོས་གྲོགས་ཚོས་ཀྱང་དཔལ་ནཱ་ལེནྡྲའི་རིག་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་བསླབ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད། ཅེས་སོགས་བཀའ་སློབ་གནང་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༧

Leave a Reply

3 thoughts on “ཧི་མ་ལ་ཡ་རིག་གཞུང་མི་ཉམས་རྒྱུན་འཛིན་བོད་ཡིག་མ་གཏོཊ་སྐད་ཡིག་གཞན་སུ་གཅིག་གིས་བྱེད་མི་ཐུབ།

  1. ༧གོང་ས་མཆོག་ནས་ ཉེ་ཆར་ལ་དྭགས་ལ་ བོད་མི་བརྒྱ་ཆ་ ༩༠ ཡིས་ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད་གསུང་འདུག ད་ རྒྱ་ཆ་ ༡༠ པོ་དེ་ལ་ ག་རེད་གྲིབ་སྐྱོན་ཕོག་པ་ཡིན་ནམ། ད་བོད་པ་ཚང་ཟབ་ཟབ་བྱོས། ནོར་བུ་རང་ལ་ཡོད་དུས་ ནོར་བུ་ནོར་་་་་་་་་

  2. བཀྲིས་ཚེ་རིང་།

    ཟླ་མེད་སྟོན་པ་ཆེ་པོ་འདི་གསུང་ལ་ང་ཚོས་གོ་ལོ་ཐམ་དུ་མ་བཞག་པར་ངེས་པར་དུ་ཚོད་ལྟ་དང་ལག་ལེན་སྟར་དགོས།

  3. ལྷ་རུའི་བུ།

    སྐད་དང་ཡི་གེ་ནི་གང་ཟག་མིན་པས། སུ་སྒྲ་ཇི་ལྟར་བྱས་ནས་ཐོབ་པ་ཡིན་ནམ། དེ་ཡང་ལྗོན་དབང་ལས། སུ་ནི་གང་ཟག་གང་ཀུན་ལའོ།།