རྔ་བ་སྒོ་མང་དགོན་ལ་ཅི་ནི་སི་གཟེངས་རྟཊ་ཐོབ།

རྒྱ་ནག་གཞུང་གིས་རྔ་བ་སྒོ་མང་དགོན་གྱི་བྱམས་སྐུ་ཞིག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་བྱམས་སྐུ་དང་ལྷ་ཁང་ཚད་ལྡན་ཞེས་པའི་མཚན་གནས་ཕུལ་ཡོད་འདུགཁ་སང་བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཧྲང་ཧེ་ཅི་ནི་སི་(Guinness)གཟེངས་རྟགས་འགན་འཛིན་ལྷན་ཚོགས་ཀྱིས། རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཕོ་བྲང་ཡིད་དགའ་ཆོས་འཛིན་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་བྱམས་སྐུ་དང་ལྷ་ཁང་ཚད་ལྡན་ཞེས་པའི་མཚན་གནས་ཐོག་ཅི་ནི་སི་གཟེངས་རྟགས་ཕུལ་ཡོད་འདུག

ཚོགས་འདུའི་ཐོག་རྫོང་དཔོན་གཞོན་པ་ཀུན་བཟང་སྒྲོལ་མ་ལགས་ཀྱིས། གངས་ཅན་ལྗོངས་དང་ལྷག་པར་དུ་འཛམ་གླིང་གི་སྤྱི་ནོར་ཞིག་རང་རེའི་ས་ཁུལ་ལ་བསོད་ནམས་གསོག་པའི་ཞིང་དུ་རྟེན་བཞེངས་གནངས་པ་ནི་དཀའ་དྲིན་བླ་ན་མེད་པ་ཆེ་བ་དང་། རྔ་བ་རྫོང་གིས་དཔལ་ཡོན་གྱི་འཐབ་བྱུས་ལག་བསྟར་བྱས་ཏེ་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལ་རྣམ་པ་གསར་བའི་འཕེལ་རྒྱས་སྣོན་བཞིན་པའི་སྐབས་འདིར། དེ་རིང་གི་བྱེད་སྒོ་འདིས་ཡུལ་སྐོར་སྒོ་འབྱེད་ཀྱི་སྲིད་བྱུས་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་བླ་ལྷག་གནང་ཡོད་སྐོར་བརྗོད་འདུག

ཅི་ནི་སིའི་གཟེངས་རྟགས་ཐོབ་པའི་རྒྱལ་བ་བྱམས་པ་མགོན་པོའི་སྐུའི་མཐོ་ཚད་ལ་རྨིད་ ༣༧ དང་། ཞེང་གི་ཆེ་ཚད་ལ་རྨིད་ ༢༠.༦༧༢ ཡོད་འདུག དེ་བཞིན་ཕོ་བྲང་ཡིད་དགའ་ཆོས་འཛིན་ནི་དགོན་པའི་ཚོགས་ཆེན་འདུ་ཁང་གི་དཀྱིལ་དུ་མཐོ་པོར་བཞེངས་ཡོད་པ་དང་། ཚོགས་ཆེན་འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་སྤྱི་རྒྱ་བཞི་ལས་གྲུབ་པའི་རྒྱལ་བ་ཆོས་འཕགས་ཀྱི་ཚེམས་ཡིན་པ་དང་། རྒྱུད་སྟོད་འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་དཀོན་མཆོག་འཇིགས་མེད་དབང་བོའི་སྐུ་བརྙན་སྐྲ་ལྡན་མ་ཡིན་འདུག གཞན་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་ཞེས་པའི་རྟེན་གྱི་གཙོ་བོ་ཤར་རྒྱལ་བ་ཙོང་ཁ་བ་རྗེ་བློ་བཟང་གྲགས་པའི་འཕེལ་གདུང་ཡིན་པ་དང་། བྱམས་ཆེན་མཐོང་བ་དོན་ལྡན་ཡིད་དགའ་ཆོས་འཛིན་གྱི་གཞལ་མེད་ཁང་ཆེན་མོའི་རྟེན་གྱི་གཙོ་བོ་འབར་མ་ནས་གདན་དྲངས་པའི་སངས་རྒྱས་ཀྱི་རིང་བསྲེལ་སོགས་ཡིན་འདུག

ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་པ་དང་གྲོང་ཁྱེར། དེ་བཞིན་རི་ཀླུང་རང་བྱུང་མཛེས་ལྗོངས་སོགས་ལ་མིང་སྣ་ཚོགས་བཏགས་སྟེ་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ཤུལ་བཞག་རིག་གནས་ཡིན་ཟེར་བ་མང་པོ་ཞིག་བསྒྲགས་ཡོང་གི་ཡོད་པ་ལྟར། འདི་གའི་གསར་འགོད་པས་བོད་ཀྱི་སྲིད་དོན་སྐོར་དང་རྒྱ་ནག་གི་ཆབ་སྲིད་དཔྱད་བརྗོད་པ་སངས་རྒྱས་སྐྱབས་ལགས་སུ་གནད་དོན་དེར་ཆབ་སྲིད་སོགས་ཀྱི་དགོས་དམིགས་ག་འདྲ་ཡོད་མེད་དྲིས་པར་ཁོང་གིས། ཉེ་བའི་ལོ་འགའི་ནང་རྒྱ་ནག་གཞུང་གིས་གཟུགས་མེད་ཤུལ་བཞག་རིག་གནས་ཟེར་བ་དང་གཟུགས་ཡོད་ཤུལ་བཞག་རིག་གནས་ཟེར་བ། དེ་བཞིན་ཨ་ཆེན་གངས་རྒྱབ་སོགས་འཛམ་གླིང་རང་བྱུང་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པ་སོགས་འཚང་ཁ་ལྟ་བུ་རྒྱག་བཞིན་ཡོད་པ་ལྟར། དེ་དག་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཆེན་པོ་ཞིག་ཡོད་པ་རེད། ཕྱོགས་གཅིག་ནས་བོད་ཀྱི་ཤུལ་བཞག་རིག་གནས་གྲགས་ཅན་དག་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་མིང་ཐོའི་ནང་བཀོད་དེ་རྒྱ་ནག་གི་རིག་གནས་ཡིན་པ་མཚོན་གང་ཐུབ་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཀྲུང་གོའི་པོ་ཏ་ལ་དང་ཀྲུང་གོའི་ཇོ་ཁང་ཟེར་བ་སོགས་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ། བོད་ཀྱི་རིག་དངོས་ཡོད་ཚད་ལ་རྒྱ་ནག་གི་མིང་སྦྱོར་གང་ཐུབ་བྱེད་ཀྱི་ཡོད་པ་རེད། འདི་དག་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་སྒོ་ནས་ཐབས་ཤེས་སྣ་ཚོགས་བྱེད་ཀྱི་ཡོད་པ་ཞིག་རེད། ཅེས་བརྗོད་བྱུང་།

རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་སྟེ་སྤྱི་ལོ་༡༧༩༠ ལོའི་ཟླ་གཉིས་བར།  ཀུན་མཁྱེན་སྐུ་འཕྲེང་གཉིས་པ་༧རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་མཆོག་གིས་ཕྱག་བཏབས་ཏེ་མཚན་ལ་སྒོ་མང་སྒར་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་ཞེས་གཏགས་ཡོད་པ་དང་། དེའི་རྗེས་༧གུང་ཐང་བསྟན་པའི་སྒྲོན་མེས་ཁྲི་རབས་དང་བོ་མཛད་དེ་འཆད་ཉན་སོགས་སྐྱོང་གནང་ཡོད་པ་དང་།  ཕྱི་ལོ ༡༩༠༧ ལོར་ཀུན་མཁྱེན་བཞི་བ་ཆེན་མོ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་རྨད་བྱུང་ཐོས་བསམ་གླིང་གསར་དུ་བཙུགས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་ཆོས་སྒར་ཞིག་ཆགས་ཏེ་བཤད་སྒྲུབ་འདུས་སྡེ་གླིང་ཞེས་པའི་མཚན་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༩

Leave a Reply