བོད་རིག་པ་ཞིབ་འཇུག་དུས་དེབ་ ༣ པ་བཏོན་ཏེ་སྤྲོ་ཚིཊ་ཆོས་གྲཊ་ལཊ་ལ་རྗེས་དྲན་ཞུས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས་དུས་དེབ་ཞིག་དཔར་སྐྲུན་བྱེད་པར་གཙོ་བོ་རྩོམ་ཡིག་ཡིན་སྟབས། མཁས་དབང་དང་མཁས་དབང་ལས་ཞུགས་པ་རྣམ་པ། ལྷག་པར་དུ་ཤེས་ཡོན་པའི་སྡེ་ཁག་གིས་རྩོམ་ཡིག་གང་མང་འབུལ་བའི་རེ་བ་ཡོད་སྐོར་བརྗོད་སོང་།དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་། ཀིརྟིའི་བྱེས་པ་གྲྭ་ཚང་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག བོད་རིག་པ་ཞིབ་འཇུག་དུས་དེབ་རྩོམ་སྒྲིག་ཁང་གིས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དམ་པ་སྤྲོ་ཚིགས་ཆོས་གྲགས་ལགས་སུ་རྗེས་དྲན་ཆེད། ཁོང་མི་སྒེར་གྱི་དུས་དེབ་སྟེ་<<བོད་རིག་པ་ཞིབ་འཇུག་དུས་དེབ>>་སྤྱིའི་འདོན་ཐེངས་གསུམ་པ་སྐུ་མགྲོན་གཙོ་བོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་ནས་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་དང་བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་སོགས་བཞུགས་སྒར་ཁུལ་གྱི་སློབ་གསོའི་ཚོགས་སྡེ་ཁག་གི་སློབ་གསོ་བ་ཁག་ཅིག་དང་། བོད་རིག་པ་ཞིབ་འཇུག་དུས་དེབ་ཀྱི་འབྲེལ་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༢༠ ལྷག་འཛོམས་འདུག

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས་དུས་དེབ་ངོ་སྤྲོད་གནང་སྐབས། བོད་རིག་པ་ཞིབ་འཇུག་དུས་དེབ་ནི་ཕྱི་ལོ་ ༢༠༡༣ ལོར་འདས་པོ་སྤྲོ་ཚིགས་ཆོས་གྲགས་ལགས་ནས་ཐོག་མར་བཏོན་གནང་སྟེ། འདོན་ཐེངས་གཉིས་ལས་བཏོན་མ་ཐུབ་པར་ཁོང་འདས་གྲོངས་སུ་ཕྱིན་པ་རེད། དེ་ནས་ང་ཚོས་གྲོས་བསྡུར་བྱས་པ་བརྒྱུད་བོད་རིག་པའི་དུས་དེབ་མུ་མཐུད་བཏོན་ཐུབ་ན་བསམ་པའི་དགོངས་ཚུལ་མང་པོ་ཞིག་བྱུང་བ་རེད། འོན་ཀྱང་། ང་ཚོས་དུས་དེབ་འདོན་མ་ཐུབ་པར་ཡུན་རིང་ཞིག་ལ་ལྷག་སོང་བ་རེད། དེ་ལ་རྒྱུ་རྐྱེན་གང་ལ་གང་འཚམ་མང་པོ་ཞིག་ཡོད་པ་རེད། དང་པོ་དེར་ཁོང་ལ་དོན་རྐྱེན་བྱུང་སྟབས། ཁོའི་ལག་འཁྱེར་གློག་ཀླད་དང་ཅ་ལག་ཚང་མ་རྒྱ་གར་ཡུལ་ཁྲིམས་ལྟར་ཁྲིམས་ཁང་དུ་འཁྱེར་ཏེ་ཁྲིམས་གཙང་མ་མ་ཆགས་པའི་རྒྱུ་རྐྱེན་སོགས་ལ་བརྟེན་ནས། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཙམ་བར་ཅ་ལག་ཚང་མ་ཏག་ཏག་ཡག་པོ་ཞིག་རག་མ་སོང་། གློག་ཀླད་ང་ཚོའི་ལག་པར་རག་དུས་དེའི་ནང་རྩོམ་ཡིག་དང་ལས་འཆར་ཆེན་པོ་དེ་འདྲ་མེད་ཀྱང་རྩོམ་ཡིག་ཁག་ཁ་ཤས་ཤིག་རྙེད་བྱུང་བས། ང་ཚོས་དེའི་ཁར་རྩོམ་ཡིག་ཁག་ཅིག་བསྡུ་རུབ་བྱས་ཏེ། འདི་ལོའི་ལོ་སྟོད་དུ་རིག་པ་ཞིབ་འཇུག་དུས་དེབ་འདོན་ཐེངས་གསུམ་པ་དེ་དཔར་བསྐྲུན་བྱེད་རྩིས་བྱས་ཡོད་ནའང་། ལས་བྲེལ་གྱི་དབང་གིས་ད་བར་ལྷག་སོང་བ་རེད། སྤྱིར་དུས་དེབ་འདིའི་རྩོམ་སྒྲིག་བྱེད་མཁན་ང་ཚོ་མི་ཁ་ཤས་ཤིག་ཡོད་ཀྱང་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བོད་རིག་པའི་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མགོ་མཇུག་བར་གསུམ་ལ་ལམ་སྟོན་བྱས་ཏེ་སྒྲིག་པ་ཞིག་ཆགས་ཡོད། དེ་ནས་དུས་དེབ་འདི་མུ་མཐུད་འདོན་དགོས་པའི་བསམ་ཚུལ་བྱུང་བ་རེད། དུས་དེབ་དགོས་དུས་ང་རང་སྒེར་ངོས་ལ་དུས་ཚོད་དང་རོགས་པ་སོགས་རག་གི་མི་འདུག དེར་བརྟེན། ང་ཚོའི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་དང་གྲོས་བསྡུར་བྱས་ཏེ། འདས་པོ་སྤྲོ་ཚིགས་ཆོས་གྲོགས་ལགས་ང་ཚོའི་ལས་བྱེད་ཅིག་ཡིན་པ་དང་ང་ཚོའི་སྤྱི་ཚོགས་ནང་ཞིབ་འཇུག་དུས་དེབ་ཞིག་དགོས་མཁོ་ཆེ་སྟབས། མ་འོངས་པར་བོད་རིག་པ་ཞིབ་འཇུག་དུས་དེབ་འབྲེལ་ཡོད་ཀྱི་ཆ་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ལོ་རེར་ཐེངས་གཅིག་རེ་འདོན་རྒྱུའི་མོས་མཐུན་བྱུང་བ་རེད། དེ་བས་དེ་རིང་འདིར་དུས་དེབ་འདོན་ཐེངས་སྔོན་མའི་ནང་རྩོམ་ཡིག་ཕུལ་མཁན་མཁས་དབང་རྣམ་པ་དང་། མཁས་དབང་ལམ་ཞུགས་པའི་རྩོམ་ཡིག ལྷག་པར་དུ་ཤེས་ཡོན་པའི་སྡེ་ཁག་གིས་རྩོམ་ཡིག་གང་མང་འབུལ་པའི་ཐུབ་པར་རེ་བ་རྒྱག་གི་ཡོད། ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས། ང་རང་ལ་མཚོན་ན། དུས་དེབ་དང་རྩོམ་སྒྲིག་ཐོག་ཉམས་མྱོང་ཞན་པོ་ཡོད་ཀྱང་། དེ་རིང་འདིར་ཡོང་དགོས་དོན་ནི་དུས་དེབ་སྲོལ་བཏོད་པ་པོ་དང་འབྲེལ་འདྲིས་ཅུང་ཙམ་ཡོད་མཁན་ཞིག་ཡིན་པ་དང་། དེ་རིང་དུས་དེབ་འདོན་ཐེངས་གསུམ་པ་དབུ་འབྱེད་བྱེད་ཐུབ་པར་དགའ་པོ་དང་། ལྷག་པར་དུ་མ་འོངས་པར་དུས་དེབ་འདི་མུ་མཐུད་འདོན་གནང་རྒྱུ་ཡིན་པ་བཅས་ཀྱི་ཐད་རྒྱབ་སྐྱོར་མཚོན་ཕྱིེར་འདིར་ཡོང་བ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས། བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་དབུས་པའི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་དང་ཐོན་མི་སོགས་ཀྱིས་བོད་ནང་ཆོས་དང་རིག་གཞུང་དར་འཕེལ་བཏང་སྟེ་བོད་ཀྱི་སྐད་དང་ཡི་གེ དེ་བཞིན་བོད་མིའི་ནང་བསམ་བློ་གོང་མཐོར་སོང་ཡོད་པ་དང་། མི་རིགས་ཤིག་གི་འཕེལ་རྒྱས་དང་མི་རིགས་ཤིག་རྒྱུན་དུ་གནས་དང་མི་གནས་ཟེར་བ་དེ་སྐད་དང་ཡི་གེ་ལ་རག་ལས་ཡོད་སྐོར་དང་། དམ་པ་སྤྲོ་ཚིགས་ཆོས་གྲགས་ལགས་བོད་རིག་པ་ཞིབ་འཇུག་དུས་དེབ་སྲོལ་གཏོད་པ་པོ་ཡིན་པ་དང་། བོད་ནང་སློབ་གྲྭ་ཆེ་འབྲིང་བར་གསུམ་འགྲིམས་རྗེས་རྒྱ་གར་ནང་ཡོང་སྟེ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བསླབ་པ་མཐར་སོན་གྱིས་དགེ་རྒན་དང་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་མང་པོ་གནང་ཡོད་པ་དང་། ཁོང་ཕྱི་རྒྱལ་དུ་ལོ་གསུམ་རིང་སློབ་སྦྱོང་བྱེད་དུ་ཕྱིན་སྐབས། ཕྱི་གླིང་བ་མང་པོ་ཞིག་གིས་ཁོང་ལ་བོད་ཀྱི་རིག་གཞུང་ཨེ་ཤེས། དེའི་ནང་ནས་བོད་ཀྱི་ནང་ཆོས་ཨེ་ཤེས་ཞེས་དྲིས་སྐབས། ཁོང་གི་སེམས་ལ་བོད་མི་ཚོ་ཕྱི་རྒྱལ་དུ་འགྲོ་རྒྱུ་ནི་མི་ཚེ་འདིའི་ལྟོ་གོས་ཙམ་གྱི་ཆེད་མ་ཡིན་པར་བོད་མི་རིགས་ལ་ནང་ཤེས་ཡོན་གྱི་ཐོག་ནས་ཞབས་ཞུ་རེ་སྒྲུབ་ཐུབ་ན་དགེ་མཚན་ཆེ་ཤོས་དེ་ཡིན་པར་འདོད་ཀྱི་ཡོད་པར་བརྟེན། ཁོང་གིས་བོད་ནང་ཆོས་སྐོར་ལ་སློབ་སྦྱོང་བྱེད་ཆེད་ཕྱིར་རྒྱ་གར་ནང་ཡོང་བ་ཡིན་ཞེས་བཤད་མྱོང་སྐོར། དེ་བཞིན། ཁོང་གིས་བོད་མི་རིགས་གནས་དགོས་ན་བོད་ཀྱི་སྐད་དང་ཡི་གེ་གལ་ཆེན་པོ་ཡིན་སྟབས། བོད་རིག་པ་ཞིབ་འཇུག་དུས་དེབ་འདོན་རྒྱུའི་ཐད་རྒྱབ་སྐྱོར་གནང་བར་རེ་སྐུལ་ཞུས་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༡༥

Leave a Reply

2 thoughts on “བོད་རིག་པ་ཞིབ་འཇུག་དུས་དེབ་ ༣ པ་བཏོན་ཏེ་སྤྲོ་ཚིཊ་ཆོས་གྲཊ་ལཊ་ལ་རྗེས་དྲན་ཞུས།

  1. ཆབ་མདོ་ཀུན་དགའ།

    སྐད་དང་ཡི་གེ་བོད་ཀྱི་ཚེ་སྲོག་ཡིན།།
    ཆོས་དང་རིག་གཞུང་བོད་ཀྱི་སྙིང་ནོར་ཡིན།།
    འཚོ་བ གོམས་གཤིས་བོད་ཀྱི་ཁྱད་ཆོས་ཡིན།།
    ཡ་རབས་སྤྱོད་བཟང་བོད་ཀྱི་བཟང་འབྲས་ཡིན།།

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    མི་རིགས་གསོན་པོར་གནས་པའི་འགག་རྩ་སྐད་ཡིག་ཙམ་།
    སྐད་ཡིག་ཉམས་ན་མི་རིགས་ལས་ཀྱི་ཉམས་།
    སྐད་ཡིག་ཉམས་ན་རིག་གཞུང་ལས་ཀྱི་ཉམས་།
    མི་རིགས་གསོན་པོར་གནས་ལ་སྐད་ཡིག་རིག་གཞུང་སྲུངས་།
    སྐད་ཡིག་རིག་གཞུང་སྲུངས་ལ་མི་རིགས་སྲུངས་།
    མི་རིགས་ཁ་འཐོར་བྱ་སྤུ་རི་འཐོར་ལ་།
    སྐད་ཡིག་རིག་གཞུང་སྲུང་རྒྱུ་བྱིས་སྒྲུང་འདྲ་།