ཞི་བདེ་ཉི་མའི་སྙན་རྩོམ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་ཞི་བདེ་ཉི་མའི་བོད་ཀྱི་རིག་གནས་ཀྱི་དར་རྒུད་བརྗོད་བྱ་བྱས་ཏེ་བརྩམས་པའི་པོ་ཏ་ལ་ཞེས་པའི་རྒྱ་ཡིག་སྙན་ངག་གསར་རྩོམ་ལ་ཁུ་ནུ་གསེར་གྱི་རྟགས་མ་ཐོབ།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། རྒྱ་ནག་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཁུ་ནུ་གསེར་གྱི་རྟགས་མའི་རྒྱལ་ཡོངས་སྙན་ངག་གསར་རྩོམ་ཚོགས་འདུ་ཞེས་པ་ཟི་ལིང་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་། བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་དང་གར་ཆུང་འཁྲབ་སྟོན་པ། བཞད་གར་འཁྲབ་སྟོན་པ་དང་སྙན་ངག་པ་ཞི་བདེ་ཉི་མ་ལགས་ཀྱིས་རྒྱ་ཡིག་གི་ལམ་ནས་གསར་རྩོམ་གནང་བའི་སྙན་ངག་པོ་ཏ་ལ་ཞེས་པར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད་འདུག

ཞི་བདེ་ཉི་མ་ལགས་ཀྱིས་བྱ་དགའ་བཞེས་པའི་ཚོགས་འདུའི་སྟེང་། ང་ནི་བོད་ཡིག་གི་ལམ་ནས་སྙན་རྩོམ་འབྲི་མཁན་གྱི་བོད་ཀྱི་སྙན་ངག་པ་ཞིག་ཡིན། ལོ་འདི་འགར་རྒྱ་ཡིག་གི་ལམ་ནས་སྙན་རྩོམ་རེ་གཉིས་རེ་བྲིས་བ་དེ། གཅིག་ནས་རང་ཉིད་ཀྱི་ཀློག་པ་པོའི་ཚོགས་པ་དེ་རྒྱ་བསྐྱེད་ཐབས་ཙམ་ཞིག་དང་། དེ་ལས་གཞན་སྒྱུ་རྩལ་ལ་རྒྱལ་ཁོངས་ཀྱི་ཚད་བཀག་མེད་པར་ཐུན་མོང་གིས་ལོངས་སྤྱོད་དུ་འགྱུར་བའི་ཕྱོགས་སུ་ཚོད་ལྟ་བྱས་པ་ཙམ་ཡིན་པ་ལ། ཐེངས་འདིར་བདག་གིས་བོད་མི་རིགས་ཀྱི་རིག་གནས་ཤིག་གི་དར་རྒུད་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ལ་བསམ་གཞིགས་གཏིང་རིང་བཏངས་པ་ལས་བྱུང་ཞིང་། དུས་རབས་ཀྱི་འགལ་འདུ་ཤུགས་དྲག་གིས་མཚོན་པའི་སྙན་རྩོམ་པོ་ཏ་ལ་ཟེར་བ་དེ། དཔྱད་བརྗོད་པ་དག་ནས་དང་ལེན་དང་གདེང་འཇོག་ཐོབ་པ་འདི། ཁྱེད་ཅག་ལ་མཚོན་ན་བསྐྱེད་ཡངས་དང་གཞན་བཀུར་གྱི་བསམ་བློ་ཞིག་དང་། ང་རང་ཉིད་ལ་མཚོན་ན་དེང་ཕྱིན་སྙན་ངག་གསར་རྩོམ་ཐད་ཀྱི་ཡིད་ཆས་དང་སྒུལ་ཤུགས་ཤིག་ཀྱང་ཡིན། ཞེས་བརྗོད་འདུག

ཐེངས་འདིའི་སྙན་ངག་ཚོགས་འདུའི་ཐོག་རྒྱ་ནག་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་སྙན་ངག་པའི་སྙན་རྩོམ་བརྩམས་ཆོས་བརྒྱ་ཕྲག་ལྷག་ལ་དཔྱད་བསྡུར་བྱས་པ་བརྒྱུད། བོད་ཀྱི་སྙན་ངག་པ་ཞི་བདེ་ཉི་མའི་པོ་ཏ་ལ་ཞེས་པའི་སྙན་ངག་དེ་བདམས་ཐོན་བྱུང་བ་ཡིན་པ་དང་། སྙན་རྩོམ་དེ་རྒྱ་ནག་གི་སྙན་རྩོམ་དྲ་ཚིགས་སྟེང་སྤེལ་རྗེས། ཀློག་པ་པོ་ཧ་ཅང་མང་པོས་ལྟ་ཀློག་དང་དཔྱད་བརྗོད་ཐུང་ཐུང་རིགས་སྤེལ་ཡོད་པ་དང་། དུས་ཡུན་ཐུང་ཐུང་ཞིག་གི་ནང་རྒྱ་ཡིག་གི་དུས་དེབ་དང་དཔེ་དེབ། དྲ་ཚིགས་མང་པོ་ཞིག་གིས་བརྒྱུད་འགོད་དང་པར་བསྐྲུན་བྱས་ཏེ། རྒྱ་ནག་གི་རྩོམ་རིག་དཔྱད་བརྗོད་པ་དང་། སྙན་ངག་པ་མི་ཉུང་བ་ཞིག་གིས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་མ་ཟད། ཀློག་པ་པོ་མང་པོས་ཁོང་གི་སྙན་རྩོམ་དེ་མིག་སྔར་རྒྱ་ནག་གི་སྙན་རྩོམ་སྟེགས་བུའི་སྟེང་མངོན་པའི། གསར་རྩོམ་གྱི་སྣང་ཚུལ་གསར་བ་དང་ཁྱད་རྟགས་གསར་བ་ཞིག་ལ་ངོས་འཛིན་གྱི་ཡོད་འདུག

རྒྱ་ནག་གི་བོད་སྐད་རླུང་འཕྲིན་ཁང་གིས་སྤེལ་བའི་ནང་། སྙན་རྩོམ་པོ་ཏ་ལ་ཞེས་པ་དེ་ད་ལྟའི་ཆར་དབྱིན་ཡིག་དང་ཨུ་རུ་སུའི་སྐད་ཡིག་སོགས་ལ་བསྒྱུར་ཟིན་པ་དང་། མི་རིང་བར་འཛམ་གླིང་སྙན་རྩོམ་ཉིང་བཏུས་ལས་ཡ་གླིང་ཚན་པ་ཟེར་བའི་ནང་འདམས་བཀོད་པར་སྐྲུན་བྱེད་རྩིས་ཡོད་སྐོར་འཁོད་འདུག

ཞི་བདེ་ཉི་མ་ལགས་ནི་མཚོ་སྔོན་མང་རྫོང་བྲག་དཀར་སྡེ་བར་སྐྱེས་ཤིང་། ཁོང་གིས་རྒྱ་ནག་གི་ཞི་ཨན་གློག་བརྙན་སློབ་ཆེན་གྱི་འཁྲབ་འཁྲིད་སྡེ་ཚན་དང་རྒྱ་ནག་ཆི་ཅང་མཐོ་རིམ་གློག་བརྙན་འཁྲབ་གཞུང་ཚན་ཁག་བཅས་ནས་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན་ཡོད་པ་དང་། ཁོང་གིས་བོད་ཀྱི་སྒྱུ་རྩལ་ལས་རིགས་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་པ་མ་ཟད། ཁོང་ལ་ད་ལྟའི་ཆར་བོད་ཀྱི་དེང་རབས་སྒྱུ་རྩལ་བ་དང་སྙན་ངག་པ། གློག་བརྙན་འཁྲབ་འཁྲིད་པ། འཁྲབ་སྟོན་པ། སྐད་སྦྱོར་བ། བོད་སྐད་བརྙན་འཕྲིན་ཟློས་གར་གྱི་ཐོག་མའི་སྲོལ་འབྱེད་པ་སོགས་ཀྱི་ཆོ་ལོ་ཐོབ་ཡོད་པ་རེད། ཁོང་གི་སྙན་རྩོམ་རིང་མོ་གངས་ལྗོངས་སྨོན་ལམ་ཆེན་མོ་དང་ལྷ་ཚོགས་ཀྱི་གཏམ་གླེང་། ངང་བ་སེར་པོ་སོགས་ཀྱིས་བོད་ཀྱི་རྩོམ་རིག་གསར་བའི་སྟེགས་བུའི་སྟེང་གྲགས་སྙན་ཆེ་ཆེར་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་སྙན་ངག་དེ་དག་དཔེ་དེབ་ཏུ་དཔར་སྐྲུན་བྱས་ཡོད་འདུག

དེ་བཞིན་བརྙན་འཕྲིན་ཟློས་གར་དང་གློག་བརྙན་འཁྲབ་སྟོན་ལ་མོ་སྟོན་ཕག་མགོའི་ཁྲོད་ཀྱི་མི་སྣ་གཙོ་བོ་དང་ཐར་ལོའི་ཁྲོད་ཀྱི་མི་སྣ་གཙོ་བོ་གཉིས་འཁྲབ་པས་བོད་ཡུལ་ས་ཕྱོགས་ཀུན་ཏུ་ཁོང་ལ་གདེང་འཇོག་ཆེན་པོ་གནང་ཡོད་པ་དང་། གློག་བརྙན་ཐར་ལོའི་གཙོ་འཁྲབ་མི་སྣ་ལས་སྐབས་དགུ་བའི་ཨེ་ཤ་ཡའི་གློག་བརྙན་དུས་ཆེན་སྟེང་སྐྱེས་པའི་ཕུལ་བྱུང་འཁྲབ་སྟོན་བྱ་དགའ་དང་། ཕྱི་ལོ་༢༠༡༥ ལོའི་ཨེ་ཤ་ཡའི་ཆེས་གདེང་འཇོག་ཐོབ་པའི་འཁྲབ་སྟོན་པའི་བྱ་དགའ།  དེ་བཞིན་སྐབས་ ༢༤ པའི་རྒྱ་ནག་ཧྲང་ཧེ་གློག་བརྙན་དཔྱད་བརྗོད་ཚོགས་འདུའི་སྟེང་སྐྱེས་པའི་འཁྲབ་སྟོན་པ་ཆེས་ཡག་ཤོས་ཀྱི་བྱ་དགའ་སོགས་ཐོབ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༡༧

Leave a Reply

2 thoughts on “ཞི་བདེ་ཉི་མའི་སྙན་རྩོམ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།