རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དེར་འགལ་ཟླའི་རང་བཞིན་མང་པོ་ཞིག་མངོན་འདུག

ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་ཁོར་ཡུག་སྐོར་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་སྔར་དང་མི་འདྲ་བར་བོད་ས་ཡོངས་རྫོགས་ལ་གཅིག་གྱུར་གྱི་ལྟ་སྟངས་ཤིག་བསླེབས་འདུག་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།  མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ཞེས་པའི་ཡིག་འབྲུ་ཁྲི་ ༡། ༤ ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་པ་དང་།  དེབ་དེ་ས་བཅད་དྲུག་ཏུ་དབྱེ་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན།   སི་ཁྲོན།   ཡུན་ནན།   ཀན་སུའུ།   ཞིན་ཅང་བཅས་ཚུད་ཡོད་ལ།  བོད་ནི་ས་གོ་ལའི་སྣེ་གསུམ་པ་དང་ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག འཛམ་གླིང་གི་ཡང་རྩེ་སྟེ་རང་བྱུང་ཐོན་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་སྟབས།  རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་སྲིད་བྱུས་གསར་པ་ལག་བསྟར་བྱས་ཏེ།  སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་སོང་པ་དང་།  སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ།  ཁོར་ཡུག་སྤུས་ཚད་རྒྱུན་མཐུད་བརྟན་པོ་ཡོད་པ།  ལྗང་མདོག་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་སོང་བ།  ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ།  སྣོད་བཅུད་རིག་གནས་རིམ་བཞིན་ཆགས་པ་སོགས་བརྗོད་དེ་དུས་ཡུན་ཐུང་ཐུང་ནང་གྲུབ་འབྲས་ཆེན་པོ་ཐོན་ཡོད་སྐོར་བསྒྲགས་ཡོད་འདུག

ཡང་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་།  མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད་པ་གཙོ་བོ་ནི།  གོ་ལ་ཧྲིལ་པོའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་འོག་འཁྱག་རོམ་ཉུང་དུ་ཕྱིན་པ་དང་།  འཁྱག་ས་བཞུ་བ།  གནོད་འཚེའི་ཉེན་ཁ་ཆེ་རུ་ཕྱིན་པ་བཅས་ཀྱི་ཉམས་ཉེན་སྔར་བཞིན་ཡོད་པ་དང་།  དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད།  སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་བ་སྔར་བཞིན་ཡོད་པ་མངོན་གསལ་དོད་པོ་ཡོད་པ་དང་།  སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བར་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད།  ཅེས་བརྗོད་ཡོད་འདུག

ཕྱི་ལོ་ ༡༩༩༡ འགོ་སྟོད་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་།  བདག་དབང་གི་གནད་དོན།  མི་རིགས་ས་ཁུངས་རང་སྐྱོང་གི་གནད་དོན།  ཁོར་ཡུག་གི་གནད་དོན།  དབུ་མའི་ལམ་གྱི་སྲིད་ཇུས་སྐོར་བཅས་ཁྱོན་བསྡོམས་རྒྱབ་ཤ་དཀར་པོའི་དེབ་ཐེངས་ ༡༤ བཏོན་ཟིན་ཡོད་ལ།  རྒྱབ་ཤ་དཀར་པོའི་དེབ་ཅེས་པའི་གོ་དོན་ནི།  རྒྱ་ནག་གི་ཆེས་རྙོག་གཞི་ཅན་གྱི་གནད་དོན་ལ་གཞུང་གིས་དབང་ཚད་བེད་སྤྱོད་ཀྱིས་སྤེལ་བའི་ལམ་སྟོན་ཡིག་ཆའམ།  དངོས་ཟོག་ཚོང་རྒྱུའི་དྲིལ་བསྒྲགས་ཡིག་ཆ་ཞིག་ཡིན་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ།   ཟླ་འདིའི་ཕྱི་ཚེས་༡༨ཉིན་རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་སྔོན་དང་མི་འདྲ་བའི་གནད་དོན་གསར་པ་ག་རེ་ཡོད་དྲིས་པར་ཁོང་གིས།  ཐེངས་འདིའི་རྒྱབ་ཤ་དཀར་པོའི་དེབ་དེ་དམིགས་བསལ་གྱིས་ཁོར་ཡུག་རང་གི་སྐོར་ནས་ཡིན་ཞིང་།  ཁྱབ་བསྒྲགས་ཀྱི་དུས་ཚོད་དེ་ཡང་བསམ་མེད་གློ་བུར་དུ་བྱུང་བ་ཞིག་སྟེ། ཁོ་ཚོས་དུས་ཚོད་ཅིག་ལོགས་སུ་བཟོས་ནས་བཏོན་པའི་ཚོར་སྣང་བྱུང་སོང་།  གཉིས་ནས་ཐེངས་འདིའི་རྒྱབ་ཤ་དཀར་པོའི་དེབ་ནང་དུ་བོད་ས་ཡོངས་རྫོགས་ཀྱི་སྐོར་ལ་གཅིག་གྱུར་གྱིས་གླེང་འདུག། དེ་སྔོན་བོད་རང་སྐྱོང་ལྗོངས་ཡིན་ན་དེའི་སྐོར་གཅིག་པུ་ལོགས་སུ་བཏོན་པ་ལས།  འདི་ལྟར་བོད་ས་མཉམ་དུ་བསླེབས་པ་ཐེངས་དང་པོ་རེད་འདུག། དཔེར་ན་དེབ་འདིའི་ནང་དུ་རང་སྐྱོང་ལྗོངས་དང་མཚོ་སྔོན།  ཀན་སུའུ།  ཡུན་ནན་སོགས་ཀྱི་སྐོར་ལ་ཤུགས་ཆེན་པོས་གླེང་འདུག། སི་ཁྲོན་གྱི་དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་སྐོར་ལ་ཅུང་ཙམ་ཉུང་ཞིང་།  དཀར་མཛེས་ཀྱི་སྐོར་ལ་དེ་བས་ཉུང་བ་རེད་འདུག་མོད།  འོན་ཀྱང་།  བོད་ས་ཡོངས་རྫོགས་ལ་གཅིག་གྱུར་གྱི་ལྟ་སྟངས་ཤིག་བསླེབས་ཡོད་པ་གསལ་པོ་རེད་འདུག ཅེས་ཟེར།

རྒྱ་ནག་གཞུང་གིས་བོད་ས་སྤྱི་ཡོངས་ཀྱི་མིང་ཐོག་ནས་བཏོན་པའི་ཁོར་ཡུག་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་དེར་རང་དབང་གི་ཐོག་ནས་བོད་ཀྱི་ཁོར་ཡུག་ལ་ཞིབ་འཇུག་བྱེད་མཁན་ཞིག་གི་ངོས་ནས་བལྟས་ན་མཐོང་ཚུལ་མི་འདྲ་བ་ག་རེ་བྱུང་སྐོར་ལ་ཁོང་གིས།  སྔོན་མ་ཡིན་ན་རྒྱ་ནག་གིས་རྒྱབ་ཤ་དཀར་པོའི་དེབ་ཅིག་འདོན་པའི་སྐབས་སུ་ཁོ་ཚོས་ཚིག་སྙན་མོ་དང་རྫིག་པོ་བེད་སྤྱད་ནས་བསམ་ཚུལ་མང་པོ་བརྗོད་ཀྱི་ཡོད་པ་རེད།  ཡིན་ན་ཡང་།  ད་ཐེངས་ཁོ་ཚོས་སྔོན་མ་ང་ཚོས་ཕར་རྒྱབ་ཤ་དཀར་པོའི་དེབ་ལ་ཉམས་ཞིབ་ཁུངས་བཙན་པོས་ལན་འདེབས་བྱས་པར་དཔེ་བཞག་ནས་གྲངས་ཀ་དང་ཐོ་སོགས་མང་དག་ཅིག་བླུགས་འདུག རྒྱུན་དུ་ཉམས་ཞིབ་མི་བྱེད་མཁན་ཚོར་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་ཧ་ཅང་ཡག་པོ་བྱེད་ཀྱི་འདུག་བསམ་པའི་བློ་ཞིག་སྦྱིན་ཀྱི་ཡོད་པ་རེད།  འོན་ཀྱང་།  རྒྱ་ནག་གི་ལས་རིགས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན།  གནས་ཚུལ་མང་པོ་ཞིག་རྫུན་མ་དང་། བཤད་པ་དོན་མཐུན་ཡོང་གི་མེད་པ་གསལ་བོ་ཡིན་པ་མ་ཟད། ཚིག་འགའ་ལོག་པར་བེད་སྤྱོད་ཀྱང་བྱེད་ཀྱི་འདུག དཔེར་ན། རྒྱ་ནག་གིས་ཐོག་མར་རྒྱབ་ཤ་དཀར་པོའི་དེབ་འགོ་བཙུགས་དུས་འདི་འདྲ་ཞིག་བཤད་ཡོད་པ་རེད། རྒྱ་ནག་དམར་ཕྱོགས་སྲིད་གཞུང་ནི་ཐོག་མ་ཉིད་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཧ་ཅང་སྤྲོ་བ་དང་དོ་སྣང་ཡོད་མཁན་ཞིག་རེད། ཅེས་བཤད་པའི་སྐད་ཆ་དེ་རྩ་བ་ཉིད་ནས་བདེན་པ་མ་རེད། རྒྱུ་མཚན་རྒྱ་ནག་དམར་ཕྱོགས་ཚོགས་པ་ཐོག་མར་སྲོལ་གཏོད་པ་པོ་མའོ་ཙེ་ཏུང་རེད་ལ། ཁོས་ཕྱི་ལོ ་༡༩༥༥ ཟླ་ ༣ ཚེས་ ༢༡ གི་ཚོགས་འདུ་ཆེན་པོ་ཞིག་གི་སྟེང་རང་བྱུང་ཁོར་ཡུག་དབང་བསྒྱུར་དགོས་ཀྱི་འདུག་ཅེས་བཤད་ཡོད་པ་མ་ཟད། ཆུ་བོ་ཚང་མར་སྟངས་འཛིན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པའི་མི་དེས་ཁོར་ཡུག་སྲུང་སྐྱོབ་བྱས་མེད་པ་རེད། རྗེས་སུ་རྒྱ་ནག་གཞུང་གི་དབང་འཛིན་པ་རིམ་ལྟར་བྱུང་བ་ཚང་མས་གནད་དོན་གང་ལ་ཐུག་ཀྱང་དཔལ་འབྱོར་ཡར་རྒྱས་སུ་གཏོང་དགོས་ཀྱི་འདུག་ཅེས་བའི་ལྟ་བ་བཟུང་སྟེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལངས་ཕྱོགས་གཙང་མ་མེད་པའི་འཛམ་གླིང་ནང་འབག་བཙོག་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ཁོ་ཚོས་ད་དུང་བོད་ཀྱི་ས་ཆ་ཡོངས་རྫོགས་ལ་ཆུ་སྲུང་སྐྱོབ་ཀྱི་ཁྲིམས་དམ་པོ་ཡོད། ཅེས་རྫུན་བཤད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༤ ཉིན་མི་ཉག་ལྷ་སྒང་དུ་ཡོད་པའི་རྒྱ་གཞུང་གི་ལི་ཐིམ་ལྕགས་རིགས་གཏེར་ལེན་ཁང་གིས་རྫས་ལྷག་རྣམས་ཆུ་ལ་བཏང་ནས་ཉ་མང་པོ་ཤི་བ་དང་། ཡུལ་མིའི་འཐུང་ཆུ་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༣ ཉིན་ལྷ་སར་ཐག་ཉེ་བའི་རྒྱ་མ་གཏེར་ཁུལ་ (Gyama mine)ནས་ཀྱང་རྫས་རིགས་ལྷག་མ་ཆུ་ལ་བཏང་ཞིང་ཡུལ་མིའི་འཐུང་ཆུར་འབག་བཙོག་ཤོར་ནས་སེམས་ཅན་མང་པོ་ཤི་བ་རེད། གསུམ་པ། ད་ལྟའི་ཆ་ལ་གནད་དོན་གསར་པ་ཞིག་བསླེབས་འདུག་སྟེ། ཆུའི་ནང་དུ་གད་སྙིགས་གཡུག་པ་མང་དྲག་ནས་ཆུ་ལ་འབག་བཙོག་ཤོར་བའི་གནས་སྟངས་དེ་གནད་དོན་ཆེན་པོ་ཞིག་ཏུ་གྱུར་འདུག ཁོ་ཚོའི་ཁྲིམས་དང་ལག་ལེན་གཉིས་མ་མཐུན་པའི་གནད་དོན་གཞན་ཞིག་ནི། རྒྱ་ནག་གི་རྒྱབ་ཤ་དཀར་པོའི་དེབ་ཅིག་གི་ནང་དུ་ང་ཚོས་ཡུལ་མི་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ནས་གོ་རྟོགས་སྤེལ་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་སྔར་ལས་ཤུགས་རྒྱག་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། དེ་ཡང་རྩ་བ་ཉིད་ནས་བདེན་པ་ཆགས་མེད། རྒྱུ་མཚན་ནི། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་༧ ཉིན་བོད་རང་སྐྱོང་ལྗོངས་ཀྱིས་སྒྲིག་གཞི་དོན་ཚན་ ༢༢ ཅན་ཞིག་སྤེལ་བའི་ནང་། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྤེལ་ན་ཁྲིམས་འགལ་ཡིན་ཞེས་འཁོད་ཡོད་པས། འགལ་ཟླའི་རང་བཞིན་མང་པོ་མངོན་འདུག ཅེས་བརྗོད་བྱུང་།

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༧/༢༣

Leave a Reply

2 thoughts on “རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དེར་འགལ་ཟླའི་རང་བཞིན་མང་པོ་ཞིག་མངོན་འདུག

  1. གུང་ཁྲན་གྱིས་བཏོན་པའི་དེབ་ཐེར་རྒྱབ་ཤ་དཀར་པོ། ཕྱིའི་རྒྱབ་ཤ་དཀར་པོ། ནང་ ནག་པོ། 👍 👀 😂🤣😂🤣😂🤣😂🤣😂🤪

  2. འདས་པའི་ལོ་འགའི་རིང་ང་ཚོའི་གཅིག་སྒྲིལ་གྱི་མ་རྩ་དྲང་བདེན་དང་། ཕྱི་གསལ་ནང་གསལ་གྱི་གནས་བབ་དེ་རྦད་དེ་རུལ་འགོ་བརྩམས་སོང་།