བླ་མའི་ཆབ་སྲིད་ནི་མི་དགོས་པ་ཞིག་ཡིན་པས་ངོ་རྒོལ་མཐར་ཕྱིན་པ་ཡོད།

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་ཟངས་དཀར་ཁུལ་གྱི་སེར་སྐྱ་མི་མང་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་བ་དང་། ལ་དྭགས་དགོན་པ་ཚོགས་པ་སོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུགཁ་སང་ལ་དྭགས་ཟངས་དཀར་༸རྒྱལ་བའི་ཕོ་བྲང་དུ། སེར་སྐྱ་མི་མང་ལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་དང་། ཐོག་མར་དད་ལྡན་སེར་སྐྱ་མི་མང་ལ་ལམ་སྟོན་བཀའ་སློབ་གནང་སྐབས། དེ་རིང་ཡང་བསྐྱར་ཟངས་དཀར་ལ་ཐེངས་གཅིག་བསླེབས་པ་རེད། ད་ཆ་ངོས་རང་ལོ་ ༨༣ བསླེབས་ཀྱང་ད་རེས་འདིར་བསླེབས་ཐུབ་པ་ཧ་ཅང་དགའ་པོ་བྱུང་། གཙོ་ཆེ་སེར་སྐྱ་མི་མང་རྣམས་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། དེར་བརྟེན་ངོས་ནས་ཀྱང་དད་པ་དང་དམ་ཚིག་གཡོ་བ་མེད་པའི་མི་མང་རྣམས་ཐེངས་གཅིག་ཐུག་ནས་གཙོ་ཆེ་ཤོས་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱ་རྒྱུའི་བསླབ་བྱ་ཚིག་གསུམ་ལྟ་བུ་རེད། གང་ལྟར་མི་ལ་ཕན་ཐོགས་དང་སེམས་པ་སྐྱིད་པོ་ཡོང་རྒྱུའི་ཐོག་ནས་མི་ཚེ་སྐྱིད་པོ་ཡོང་རྒྱུ་དེ་ངོས་ཀྱི་དམིགས་ཡུལ་གཙོ་བོ་རེད། དེ་རིང་དེའི་ཐོག་ཁྱེད་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཞེས་གསུངས།

ཆོས་ལུགས་ཕན་ཚུན་ལ་གུས་བརྩི་དང་མཐུན་པོ་དགོས་སྐོར་ལམ་སྟོན་གནང་དོན། སྤྱི་ཡོངས་ནས་གཅིག་གིས་གཅིག་ལ་གུས་བརྩི་བྱེད་པ་དང་། བརྩི་བཀུར་བྱས་པ་དེ་འདྲའི་ཐོག་ནས་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཡོངས་རྫོགས་འཆམ་མཐུན་ངང་གནས་མུས་རེད། དེར་ངོས་རང་ཡིད་འཕྲོག་བཞིན་འདུག ལྷག་པར་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་བྱེད་བཞིན་འདུག འཁྲུག་པ་རྒྱག་བཞིན་འདུག འདི་འདྲ་མཐོང་སྐབས་ཨ་ཙི་ཆག་སྒོ་དཔེ་སྲིད་ཀྱི་མ་རེད། ཆོས་བརྒྱུད་དེ་དག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ་དང་ཆོག་ཤེས་གསུང་བཞིན་ཡོད།

རྒྱ་གར་ལ་མཚོན་ན་ཆོས་ལུགས་དེ་དག་མཉམ་དུ་གུས་བརྩི་བྱས་ནས་བསྡད་ཡོད། རྒྱ་གར་ལུང་པ་ཆེན་པོ་རེད། ལུང་པ་ཆེན་པོ་ཞིག་གི་ནང་རིས་མེད་ཆོས་བརྒྱུད་དེ་དག་མཉམ་ཟ་མཉམ་འཐུང་བྱས་ནས་སྡོད་ཐུབ་བཞིན་ཡོད་སྟབས། འཛམ་གླིང་གཞན་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྩོད་པ་དང་། འཁྲུག་པ་རྒྱག་ཟེར་བ་འདི་ཧ་ཅང་ཐབས་ཆག ཐབས་རྡུགས་རེད། དེར་བརྟེན་ངོས་རང་ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་ས་ཆ་གང་སར་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཡོང་རྒྱུར་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།

རྒྱ་གར་ནང་སྲོལ་རྒྱུན་ནས་དར་སྲོལ་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་འདི་འཛམ་གླིང་སྤྱི་ལ་མིག་དཔེ་ཞིག་ཆགས་ཡོད། བྱེ་བྲག་ཏུ་འདིར་ལ་དྭགས་ལ་མཚོན་ན། ཇམ་མུ་ཀ་ཤི་མིར་ཁོངས་ཀྱི་ལ་དྭགས་ལ་མཚོན་ནའང་རེད། འདི་ག་ཟངས་དཀར་ཡིན་ནའང་རེད། གང་ལྟར་ཡེ་ཤུ་དང་ཧིན་རྡུ་ཉུང་ཉུང་ཡོད་ཤེད་ཆེ། མང་ཆེ་བ་ནང་པ་རེད། དེ་དང་ཆབས་ཅིག་ཁ་ཆེའི་ཆོས་པ་ལ་དྭགས་གླེ་ལ་ཡིན་ནའང་འདུག འདིར་ཡང་འདུག ལྡུམ་ར་ཁུལ་དུའང་འདུག སྤྱི་ཡོངས་ཆ་ནས་འཆམ་མཐུན་ཧ་ཅང་ཡག་པོ་རེད་འདུག རྗེས་སུ་ཡི་རངས་ཡོད། ད་དུང་ཡིན་ནའང་ཁ་ཆེ་ཡིན་ནའང་འདྲ། འདི་གར་ཉེ་འགྲམ་མཚོན་ན་ཁ་ཆེའི་ཚོགས་ཁག་གཅིག་ཡོད། སྤྱི་བྱིངས་དེ་དག་ནང་པ་རེད། གང་ལྟར་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་ཡོད་འདུགཡང་ནང་ཆོས་སློབ་གཉེར་བྱེད་པར་བོད་ཡིག་ཤེས་དགོས་གལ་ཆེ་སྐོར་ཁོང་གིས། ཆོས་ལུགས་མེད་མཁན་ཞིག་ཡིན་ནའང་ང་ཚོ་མི་གཅིག་གྱུར་རེད། ཆོས་དད་ཡོད་མཁན་དེའང་ང་ཚོ་མི་གཅིག་གྱུར་རེད། དཔེར་ན་ཆོས་ལ་ངོ་རྒོལ་བྱེད་མཁན་མི་གཅིག་ཡིན་ནའང་མི་གཅིག་གྱུར་རེད། སངས་རྒྱས་པའི་ཆོས་པ་ཞིག་གིས་བཀའ་འགྱུར་བསྟན་འགྱུར་སློབ་དགོས་བྱུང་ན་བོད་ཡིག་མ་ཤེས་པར་ཐབས་མེད་པ་ཞིག་རེད། མིང་བྷོ་ཊི་ཟེར་བ་སོགས་གང་བཏགས་ཀྱང་དོན་དངོས་ཡོད་བོད་ཡིག་ངེས་པར་དུ་ཤེས་དགོས། ངོས་ཀྱིས་མཐོང་ཆོས་ཉམས་མྱོང་ཐོག་ནས་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་གཅིག ལྟ་གྲུབ་དང་གཉིས། ཚད་མ་རིག་པ་དེ་ཚོ་འགྲེལ་སྐབས་བོད་སྐད་ནང་འགྲེལ་བཤད་བརྒྱབ་པ་ལྟར་སྐད་ཡིག་གཞན་སུས་ཀྱང་རྒྱག་མི་ཐུབ། དེར་བརྟེན་བོད་སྐད་འདི་གལ་ཆེན་པོ་རེད།

བོད་པ་གཅིག་པུས་སྐད་ཆ་མ་རེད། བོད་སྐད་དང་བོད་ཡིག་འདི་གང་ལྟར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྣམ་གཞག་ལ་ཏོག་ཙམ་དོ་སྣང་བྱས་ནས་སྦྱོང་མཁན་ཞིག་ཡིན་ན་བོད་ཡིག་ཤེས་དགོས་པ་ཞིག་རེད་འདུག དེང་སྐབས་རྒྱ་ནག་ནང་གི་མཁས་དབང་དེ་འདྲས་སྤྱིར་ནང་ཆོས་ལ་དོ་སྣང་བསླེབས། ནང་ཆོས་འདི་ཚན་རིག་དང་མཐུན་པའི་ཆོས་རེད་འདུག་ཅེས་དེ་འདྲའི་མཐོང་ཚུལ་ཞིག་དེང་སྐབས་སླེབ་བཞིན་འདུག བོད་ཀྱི་ནང་ཆོས་འདི་ཚན་རིག་དང་མཐུན་པ་ཞིག་དང་། ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པར་ངོས་འཛིན་བྱས་ནས་དེར་དོ་སྣང་སླེབ་ཡོང་སྐབས། རྒྱ་ནག་ནང་གི་མཁས་དབང་ཁྲོད་བོད་ཡིག་སློབ་རྒྱུར་དོ་སྣང་བྱེད་མཁན་ཡོང་བཞིན་འདུག དེར་བརྟེན་བོད་ཡིག་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་གསུངས་ཡོད་འདུག

གཞན་ཡང་། སྐབས་དེར་བླ་མས་ཆབ་སྲིད་ནང་དུ་ཐེ་གཏོགས་བྱེད་པ་ནི་བསྟན་པ་ལ་ཕན་པ་ལས་གནོད་ཀྱི་ཡོད་སྐོར་ལ་ཁོང་གིས། དེ་སྔ་བོད་ནང་ང་ཚོས་ཆོས་བརྒྱུད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱབ་པ་དེ་འདྲ་བྱུང་ཡོད། བྱབ་ཆུང་རེད། གླེན་པ་རེད། མིག་རྒྱང་ཐུང་ཐུང་། བློ་རྒྱ་ཆུང་ཆུང་བྱས་པ་རེད། ད་ཆ་ལ་དྭགས་ནང་ལ་ཡིན་ན་རེད། འདིར་ཟངས་དཀར་ནང་ལ་མཚོན་ནའང་རེད། ཆོས་བརྒྱུད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཕྲན་བུ་བསམ་བློ་གུ་དོག་པོ་དེ་འདྲ་གལ་སྲིད་ཡོང་བཞིན་ཡོད་ཚེ་འདི་འདོར་བྱ་རེད། བསམ་བློ་དེ་འདྲ་རྩ་བ་ནས་གཏོང་མི་རུང་། ཚང་མ་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ངོས་ཀྱི་ལས་འགན་གསུམ་པ་དེ་བོད་དོན་རེད། ངོས་རང་བོད་པ་རེད། ༸རྒྱལ་དབང་གི་མིང་ཡོད། བོད་རྒྱ་ཆེ་མི་མང་བོད་མི་ས་ཡ་དྲུག་ལྷག་ཙམ་གྱིས་ངོས་ལ་རེ་བ་རྒྱག་བཞིན་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གནས་ཚུལ་ངོས་ཀྱིས་མཚམས་བཞག་པ་རེད། ཕྱི་ལོ་ ༢༠༠༡ ལོར་ཆབ་སྲིད་ཀྱི་ཕྱེད་རྒན་ཡོལ་ཞུས་པ་དང་། དེ་ནས་ ༢༠༡༡ ལོ་ནས་ངོས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཆ་ཚང་བཞག་པ་ཡིན། དེ་ཙམ་མ་ཟད་༸གོང་ས་ལྔ་པའི་སྐབས་ནས་བཟུང་༸རྒྱལ་དབང་ན་རིམ་གྱིས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གནང་ནས་ལོ་ ༤༠༠ ཙམ་ཕྱིན་པ་རེད། ལམ་སྲོལ་དེ་ངོས་ཀྱིས་མ་སྐུལ་དྭང་བླངས་ཀྱི་ཐོག་ནས་སྤོབས་པ་དང་བཅས་མཚམས་བཞག་པ་ཡིན། དེར་བརྟེན་བླ་མས་ཆབ་སྲིད་ནང་དུ་ཐེ་གཏོགས་ལྟ་བུ་བྱས་ནས་འགྲོ་སྐབས་དེ་སྔ་ང་ཚོའི་ལོ་རྒྱུས་ལ་མཚོན་ནའང་དེས་བསྟན་པ་ལ་ཕན་རྒྱུའི་ཚབ་ཏུ་བསྟན་པ་ལ་གནོད་ཡོད།

ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་ཡོད། བླ་མའི་ཆབ་སྲིད་(Lama politics) ཅིག་སླེབ་བཞིན་འདུག་ལ། ལ་དྭགས་ནང་དུའང་བླ་མའི་ཆབ་སྲིད་ཡོང་བཞིན་ཡོད་པ་ལྟ་བུ་འདུག དེ་ཚོའི་གྲས་མི་དགོས་པ་རེད། དེས་བསྟན་པ་ལ་ཕན་རྒྱུའི་ཚབ་ཏུ་བསྟན་པ་ལ་གནོད་རྒྱུ་རེད། འདི་བསམ་བློ་བྱབ་ཆུང་རེད། མིག་རྒྱང་ཐུང་ཐུང་རེད། བློ་གཏི་ཐུག་བྱས་ནས་བླ་མའི་ཆབ་སྲིད་ཡོང་བཞིན་ཡོད། དེ་ཚོའི་གྲས་རྩ་བ་ནས་མི་དགོས་པ་རེད། བླ་མའི་ཆབ་སྲིད་ལ་ངོས་ཀྱིས་ངོ་རྒོལ་མཐར་ཕྱིན་པ་ཡོད། ཅེས་གསུངས་འདུག

ཕྱི་ཚེས་ ༢༡ ཉིན་ལ་དྭགས་རྒྱལ་ས་སླེ་ནས་ཟངས་དཀར་༧ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སྐབས། ཟངས་དཀར་ཁུལ་དུ་མི་འབོར་ཅི་ཡོད་པ་དང་། དེ་བཞིན་དགོན་པ་དང་གནས་ས་ག་ཚོད་ཡོད་མེད་བཀའ་འདྲི་གནང་སྐབས། བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་སྤྱིར་ཕྲུ་གུ་སོགས་ཁྱོན་མི་གྲངས་ ༢༠༠༠༠ ཙམ་དང་། དགོན་པ་དཀར་ཤ་དགོན་པ་དང་། སྟོང་སྡེ་དགོན་པ། སྟག་རི་མོ་བདེ་དགོན་པ། དེ་བཞིན་གནས་ས་ན་རོ་པའི་སྒྲུབ་ཕུག་དང་། གུ་རུ་ཉི་མ་འོད་ཟེར་སྒྲུབ་ཕུག་སོགས་ཡོད་སྐོར་སྙན་སེང་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཟངས་དཀར་ནས་མཁའ་ལམ་བརྒྱུད་རྒྱལ་ས་སླེ་རུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་། སླེ་ཞི་བའི་ཚལ་དུ་ཕྱི་ཚེས་ ༣༠ ནས་ཉིན་གྲངས་ ༣ ་རིང་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག་ལ། མཛད་འཆར་ལྟར་ན། ཕྱི་ཟླ་ ༨ ཚེས་ ༤ ཉིན་རྒྱལ་ས་ལྡི་ལིར་ཆིབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་བཞུགས་སྒར་དྷ་རམ་ས་ལར་ཕེབས་འབྱོར་གནང་འཆར་ཡོད་འདུག

ཀླུ་མགོན་ཐར་གྱིས་སྐུ་སྒེར་དྲ་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༨/༠༧/༢༣

Leave a Reply