རྒྱའི་བཙོན་འོག་ཏུ་ལོ་ངོ་ ༢༢ བསྡད་པའི་བཙོན་ཟུར་ཞིག་སྐུ་གྲོངས།

རྒྱ་ནག་གི་བཙོན་འོག་ཏུ་མི་ལོ་ ༢༢ རིང་བཞུགས་མྱོང་བའི་གཞུང་ཞབས་ཟུར་པ་དགའ་ཕྲང་བློ་བཟང་བསྟན་འཛིན་ལགས་ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་དྷ་སའི་རང་ཤག་ཏུ་སྐུ་གྲོངས་ཡོད་འདུག

ཁ་སང་སྔ་དྲོར་བོད་ནང་མི་ལོ་ ༢༢ རིང་རྒྱ་ནག་གི་བཙོན་འཇུག་འོག་མནར་གཅོད་མྱངས་བའི་དགའ་ཕྲང་བློ་བཟང་བསྟན་འཛིན་ལགས་དགུང་ལོ་ ༨༡ སྟེང་དྷ་སའི་ལྷ་རྒྱལ་རིའི་རང་ཤག་ཏུ་སྐུ་གྲོངས་ཡོད་པ་དང་། སང་ཞོགས་ཆུ་ཚོད་ ༥།༣༠ སྟེང་དབུས་གཙང་ཆོལ་ཁས་གཙོ་འགན་འཁུར་ཏེ་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་དགའ་ཕྲན་བློ་བཟང་བསྟན་འཛིན་ལགས་ལ་བདག་སྐྱོང་གནང་མཁན་ལྷག་པ་ཚེ་རིང་ལགས་སུ། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་གནས་སྟངས་སྐོར་ལ་ཁ་བརྡ་བྱེད་སྐབས་ཁོང་གིས། ངེད་གཉིས་དུས་ཡུན་རིང་ཤོས་འགྲོགས་པ་ནི་ཕྱི་ལོ་ ༢༠༡༢ ལོའི་དུས་འཁོར་དབང་ཆེན་གྱི་བདུན་ཕྲག་གཉིས་ཀྱི་སྔོན་དེར་བྱུང་བ་རེད། སྐབས་དེར་སྐུ་ངོ་ཁོང་ལ་དྭགས་ཀྱི་སྨན་ཁང་ (Forts) ནང་ཆབ་གསོག་སའི་ལྒང་ཕུག་ལ་གཤག་བཅོས་བྱས་ནས་བསྡད་ཡོད་པ་དང་། མཚམས་རེར་ངེད་གཉིས་ཀྱིས་ཁོང་གི་སྐོར་ལ་ཁ་བརྡ་བྱས་པ་ཡིན་ལ། ཁ་བརྡ་དེ་ལས་ལྷག་པ་ཞིག་ང་ལ་བཤད་རྒྱུ་མེད། དེ་དུས་སྨན་པས་ང་ལ་ཁོང་གི་གློ་བ་དང་མཆིན་པར་ག་རེ་བྱུང་བ་རེད། གློ་མཆིན་གཉིས་ཀྱི་མཐའ་ཚང་མ་བཙེམས་འདུག་ཅེས་དྲིས་བྱུང་། ངས་སྨན་པ་དེར་ཁོང་སྔོན་མ་བོད་ནང་ལོ་ ༢༢ རིང་བཙོན་ཁང་དུ་བཞུགས་ཡོད་སྟབས། རྒྱ་གཞུང་གིས་མནར་གཅོད་བཏང་སྟེ་གནོད་སྐྱོན་བཟོས་པ་ཡིན་གྱི་རེད་ཅེས་ལབ་པ་ཡིན། ཕྱིས་སུ་སྐུ་ངོ་དང་ཁ་བརྡ་བྱས་དུས་དེ་ངོ་མ་རེད་འདུག  ཅེས་བརྗོད་བྱུང་།

ལྷག་པ་ཚེ་རིང་ལགས་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། དགའ་ཕྲང་བློ་བཟང་བསྟན་འཛིན་ལགས་དམ་པ་ཁོང་གི་དགའ་ཕྲང་ཞེས་པ་ནི་བོད་མ་ཤོར་སྔོན་ལ་ཡོད་པའི་གཟིམ་ཤག་ཅིག་གི་མིང་ཡིན་པ་དང་། ཁོང་གི་གཅེན་པོ་བགྲེས་པ་དགའ་ཕྲང་བློ་བཟང་རིག་འཛིན་ནི་སྤྱི་ཁྱབ་མཁན་པོ་ཞིག་ཡིན་འདུག དམ་པ་ཁོང་ལ་ཕྲུ་གུ་གཅིག་ཀྱང་མེད་སྟབས། ལོ་འགའི་གོང་ཁོང་གི་བཟའ་ཟླ་སྐུ་གྲོངས་སྐབས་ཁ་ཆེམས་བཞག་སྟེ། གལ་སྲིད་མོ་རང་འདས་གྲོངས་སུ་ཕྱིན་པ་ཡིན་ན། ལྷག་པ་ཚེ་རིང་ལགས་ནས་དམ་པ་ཁོང་ལ་བདག་སྐྱོང་གནང་དགོས་པ་དང་། དམ་པ་ཁོང་ཞལ་སངས་པོ་མེད་ལ། གཞན་དང་འབྲེལ་འདྲིས་འཛིན་པར་ཡང་དགའ་མཁན་ཞིག་མིན་སྐོར་སོགས་ཞུས་ཡོད་འདུག

དགའ་ཕྲང་བློ་བཟང་བསྟན་འཛིན་ལགས་ནི་ཕྱི་ལོ་ ༡༩༣༨ ལོར་རྒྱལ་རྩེ་རུ་ཕ་སྐལ་བཟང་བསྟན་འཛིན་དང་མ་བློ་སྦྱིན་གཉིས་ཀྱི་བུ་རུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༥༦ ལོ་ནས་ལྷ་ས་རུ་བོད་ཀྱི་རིག་གནས་ལ་སློབ་སྦྱོང་གནང་ཡོད་པ་དང་། ཕྱིས་སུ་སྤྱི་ཚོགས་དང་སྲིད་དོན། རྩིས་རིག་པ་སོགས་ལ་སྦྱོང་བརྩོན་གནང་ཡོད་འདུག

རྒྱ་གཞུང་གིས་བོད་ས་ཡོངས་སུ་བཙན་གནོན་བྱས་ཏེ་ཉེས་མེད་བོད་མི་མང་པོས་བཙོན་འཇུག་མནར་གཅོད་མྱངས་ཡོད་པ་ལྟར། ཕྱི་ལོ་ ༡༩༦༠ ནས་ ༡༩༨༢ ལོའི་ལོ་སྟོད་བར་གྱི་མི་ལོ་ ༢༢ རིང་དམ་པ་ཁོང་བཙོན་ཁང་དུ་བཅུག་ཡོད་འདུག ཕྱིས་སུ་བོད་ནང་སྲིད་བྱུས་ཅུང་གུ་ཡངས་སུ་ཕྱིན་རྗེས་ཀློད་གྲོལ་ཐོབ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་ལ་བོད་ནང་གོ་གནས་དང་ས་ཞིང་ཡང་སྤྲད་ཡོད་འདུག ཕྱི་ལོ་ ༡༩༨༣ ཟླ་ ༡༢ ཚེས་ ༡༢ ཉིན་དམ་པ་ཁོང་ཡུལ་སྐོར་བའི་ཐོངས་མཆན་གྱི་ཐོག་ནས་བལ་ཡུལ་དུ་འབྱོར་ཡོད་པ་དང་། ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༢ པའི་ནང་རྒྱ་གར་ནང་གཉེན་འཕྲད་དུ་ཕེབས་ཏེ་དྷ་སར་གཏན་སྡོད་ཀྱིས། ཕྱི་ལོ་ ༡༩༨༦ ཟླ་ ༢ པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷན་ཁང་དང་བཀའ་དྲུང་ཡིག་ཚང་། འོས་བསྡུ་ལས་ཁུངས་སོགས་དང་། དགའ་ལྡན་ཕོ་བྲང་བཅས་སུ་ཕྱག་ལས་གནང་འདུག་ལ། ཕྱི་ལོ་ ༡༩༩༨ ལོར་དགུང་ལོ་ ༦༠ ཧྲིལ་པོ་ལོན་ཏེ་རྒས་ཡོལ་ཞུས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༢༥

Leave a Reply

2 thoughts on “རྒྱའི་བཙོན་འོག་ཏུ་ལོ་ངོ་ ༢༢ བསྡད་པའི་བཙོན་ཟུར་ཞིག་སྐུ་གྲོངས།

  1. བོད་མི་ཞིག་ནས།

    རང་དོན་རྒྱབ་བསྐྱུར་གྱིས་ཕྱག་ལས་གནང་བར་རྗེས་སུ་ཡི་རངས་དང་མྱ་ངནན་ཞུ་བཞིན་ཡོད།

  2. བཀྲིས་ཚེ་རིང་།

    སྐུ་ཚེ་གང་པོར་མི་རིགས་དང་བོད་རྒྱལ་ཁབ་ཆེན་པོའི་དོན་དུ་རང་དོན་རྒྱབ་བསྐྱུར་གྱིས་ཕྱག་ལས་གནང་བར་རྗེས་སུ་ཡི་རངས་དང་དམ་པ་ཁོང་སྐུ་འཚོ་བཞུགས་མ་ཐུབ་པར་སེམས་ཕམ་དང་མྱ་ངནན་ཞུ་བཞིན་ཡོད།