ཨ་རིའི་དམག་མིའི་ཤུལ་ལུས་དངོས་པོ་ཕྱིར་སྤྲད།

ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ཁྲོད་འདས་གྲོངས་སུ་སོང་བའི་ཨ་རིའི་དམག་མིའི་ཤུལ་ལུས་དངོས་པོ་རྣམས་ཕྱིར་སྤྲད་དེ་ཨ་རིའི་གཞུང་མང་གཉིས་ནས་བྱང་ཀོ་རི་ཡ་གཞུང་ལ་བཀའ་དྲིན་ཆེ་ཞུས།དེ་རིང་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་བྱས་ཏེ་ལོ་ངོ་ ༦༥ འཁོར་གྱི་ཡོད་པ་དང་བསྟུན། ཀོ་རི་ཡིའི་དམག་འཁྲུག་ཁྲོད་འདས་གྲོངས་སུ་སོང་བའི་ཨ་རིའི་དམག་མི་ཁག་ཅིག་གི་ཤུལ་ལུས་དངོས་པོ་རྣམས་བྱང་ཀོ་རི་ཡ་གཞུང་ནས་ཨ་རི་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྲིད་འཛིན་ཊོམ་ཕུས་འདི་ལྟར་ཨ་རིའི་དམག་མིའི་ཤུལ་ལུས་མང་པོ་ཞིག་མགྱོགས་མྱུར་གྱིས་ཨ་རི་ལ་འབྱོར་རྒྱུ་རེད་ལ། ལོ་མང་གི་རྗེས་ཀྱི་ལས་དོན་འདི་ནི་ཁྱིམ་ཚང་མང་པོ་ཞིག་ལ་རླབས་ཆེ་བའི་རྗེས་དྲན་ཞིག་ཏུ་ཆགས་ཀྱི་ཡོད་པས། ངས་ཀེམ་ཇོང་ཨན་བཀའ་དྲིན་ཆེ་ཞུ་ཡིན། ཞེས་བསྒྲགས་འདུག

ཕྱི་ལོ་ ༡༩༩༠ ནས་ ༢༠༠༥ བར་དུ་ཨ་རིའི་དམག་མི་འདས་གྲོངས་སུ་སོང་བའི་དངོས་པོ་མང་པོ་ཞིག་ཕྱིར་སྤྲད་ཡོད་ནའང་། ཕྱིས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་རིམ་པ་བྱས་རྐྱེན་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཅན་དུ་གྱུར་ཏེ་ཤུལ་ལུས་དངོས་པོ་རྩིས་སྤྲོད་ཀྱང་མཚམས་ཆད་ཡོད་འདུག འོན་ཀྱང་། ལོ་འདིའི་ཕྱི་ཟླ་༦་པའི་ནང་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གྲོས་མོལ་གནང་བ་བརྒྱུད། ཤུལ་ལུས་དངོས་པོ་རྣམས་ཕྱིར་སྤྲོད་རྒྱུར་མོས་མཐུན་བྱུང་སྟེ། དེ་རིང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་དམག་སྤྱོད་གནམ་གྲུ་ཞིག་གིས་ཤུལ་ལུས་དངོས་པོ་རྣམས་ལྷོ་ཀོ་རི་ཡའི་ནང་ཡོད་པའི་ཨ་རིའི་རྟེན་གནས་ཨོ་སན་(Osan)དུ་བསྐྱལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་ཡུལ་དེར་ཕྱིར་སློག་རྗེས་དྲན་གྱི་ཚོགས་འདུ་འཚོགས་འཆར་ཡོད་འདུག

ཕྱི་ལོ་ ༡༩༥༠ ནས་ ༡༩༥༣ བར་བྱུང་བའི་ཀོ་རི་ཡའི་དམག་འཁྲུག་ཁྲོད་ཨ་རིའི་དམག་མི་ག་ཚོད་ཅིག་འདས་གྲོངས་སུ་ཕྱིན་ཡོད་མེད་ཀྱི་གྲངས་འབོར་ད་ལྟའི་ཆར་ཁ་གསལ་མེད་ཀྱང་། ཨ་རིའི་གཞུང་གི་གྲངས་ཐོ་ལྟར་ན། དམག་འཁྲུག་ཁྲོད་ཁྱོན་དམག་མི་ ༥༤༢༤༦ གིས་ཚེ་སྲོག་ཤོར་ཡོད་པ་དང་། དམག་མི་ ༡༠༣༢༨༤ ལ་རྨས་སྐྱོན་བྱུང་། དམག་མི་ ༨༡༧༦ གར་སོང་ཆ་མེད། དམག་མི་ ༧༢༤༥ གསོན་བཟུང་བྱས་ཡོད་འདུག ཡང་རྒྱ་ནག་དང་བྱང་ཀོ་རི་ཡའི་གྲངས་ཐོའི་ནང་ལོ་གསུམ་གྱི་དམག་འཁྲུག་ཁྲོད་ཤི་རྨས་བྱུང་བ་དང་། གསོན་བཟུང་བཅས་ཁྱོན་བསྡོམས་དམག་མི་ ༣༩༧༥༤༣ ཡོད་སྐོར་བརྗོད་འདུག ཡིན་ནའང་། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འདས་གྲོངས་སུ་སོང་བའི་ཨ་རིའི་དམག་མིའི་གྲངས་འབོར་གཏན་ཁེལ་བར་ཚོད་ལྟ་བྱ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་འདུག

ཨ་རིའི་ཕོ་བྲང་དཀར་པོས་བྱང་ཀོ་རི་ཡའི་ལས་འགུལ་དེས་ཨ་རིའི་སྲིད་གཞུང་ལ་སྤོབས་པ་སྦྱིན་སོང་བ་དང་། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། ཨ་རིའི་དམག་མིའི་ཁྱིམ་མི་གཉེན་འབྲེལ་ཚོས་ལོ་ངོ་ ༥༠ ལྷག་རིང་དངོས་རྫས་དེ་དག་ཕྱིར་སྤྲོད་པར་རེ་སྒུག་བྱས་ཡོད་སྟབས། ད་ལྟ་ཁོ་ཚོས་བྱང་ཀོ་རི་ཡའི་རྩིས་སྤྲོད་ལ་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་འདུག གང་ལྟར་སྔོན་གཤེགས་དཔའ་བོའི་ཤུལ་ལུས་དངོས་པོ་རྩིས་སྤྲོད་བྱེད་པར་ཨ་རིའི་གཞུང་དང་དམག་མིའི་ཁྱིམ་མི་སོགས་ཀྱིས་རྒྱུན་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

འདས་གྲོངས་སུ་སོང་བའི་ཨ་རིའི་དམག་མིའི་ཤུལ་ལུས་དངོས་པོ་ཉར་ཚགས་བྱས་ཡོད་པའི་བྱང་ཀོ་རི་ཡའི་མངའ་ཁུལ་གཙོ་བོ་ནི།  ཕྱི་ལོ་ ༡༩༥༠ ཡི་དགུན་ཁའི་དུས་སུ་གློ་བུར་དུ་འདས་གྲོངས་སུ་བའི་བཙོན་པའི་གྲས་དང་། དམག་འཁྲུག་ཁྲོད་ཧ་ལམ་དམག་མི་ ༡༦༠༠ འདས་གྲོངས་སུ་སོང་བའི་ས་ཆ་སྟེ། བྱང་ཀོ་རི་ཡའི་ནུབ་ཕྱོགས་ཀྱི་ས་ཆ་ཆང་ཆོན་དང་ཨུན་སན་ཁུལ་གྱི་གཡུལ་ས་མང་པོ་ཞིག་དང་། དམག་མི་ ༣༠༠༠ ཡས་མས་ཀྱི་ཕུང་པོ་བཅུག་སའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་འཕྲལ་དུར་ས་སོགས་སུ་དམག་མིའི་ཤུལ་ལུས་དངོས་པོ་མང་པོ་ཞིག་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༧/༢༧

Leave a Reply

2 thoughts on “ཨ་རིའི་དམག་མིའི་ཤུལ་ལུས་དངོས་པོ་ཕྱིར་སྤྲད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    འདས་དོན་རྗེས་འདེད་ཆབ་སྲིད་མི་སྣའི་འགན་།
    མི་གི་ཚེ་སྲོག་མཐོང་མེད་འབུ་སྲིན་བཞིན་།
    རང་གི་དབང་ཆ་རང་གིས་མིང་གྲགས་ཆེད་།
    མི་མང་ཚེ་སྲོག་དུལ་མཚོན་སྦེན་ལ་གཏད་།
    དཔོན་ངན་རིང་ལུགས་འཛམ་གླིང་ས་སྟེང་ཁྱབ་།
    ཉམས་ཆུང་མི་མང་འཚོ་བ་དམིགས་མེད་བཟོས་།
    བཅོལ་ཅུང་མི་རྣམས་དཔོན་ངན་རྗེས་རྒྱུགས་མང་།
    དེ་འདྲའི་དུས་རབས་མི་གི་བསོད་ནམས་སྨིན་།

  2. ངས་ཅག་བོད་པ་ཚང་ལ་ རྒྱ་དམར་གུང་ཁྲན་ཏང་གི་ ཕྱི་ལོ་ལྔ་བཅུ་ང་གྲངས་ནས་ད་བར་ བཙན་དབང་གི་འོག་ནས་འདས་གྲོངས་སུ་ཕྱིན་པ་གྲངས་འབོར་ཁ་གསལ་བཀོད་ཡོད་ན། འདི་དང་ བྱང་ཀོ་རི་ཡ་གི་ ཨ་རི་ལ་ དམག་མི་འདས་གྲོངས་ཕྱིན་པ་རྣམས་ཀྱི་དངོས་པོ་རྩིས་སྤྲོད་བྱེད་པ་ནང་བཞིན་ རྒྱ་དམར་གི་བོད་ལ་སྤྲོད་རྩིས་ཡོད་དམ། བོད་ཀྱི་རྒྱ་ཡི་ཐོག་ལ་དམག་ནི་དྲངས་མེད།