རྒྱ་མོ་ཞིག་གི་སྙིང་གཏམ་དྲོན་མོ།

རྩོམ་པ་པོ། སུའུ་ཨན་ནཱ།
བོད་སྒྱུར་བ། ཁྲི་ཉི་མ།

ལྕམ་སུའུ་ཨན་ནཱ་(蘇安娜 )ནི་ཐའེ་ཝན་དུ་གནས་སྡོད་བྱས་ཡོད་པའི་བོད་རྒྱའི་དཀའ་རྙོག་ལ་ཚོར་བ་རྣོ་པོ་ཡོད་མཁན་ཞིག་དང་། ལྷག་པར་དུ་བོད་མི་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཞིག་རེད།

བོད་པ། ང་ཡི་བོད་པའི་རྨི་ལམ། རྗེས་ཕྱོགས་བོད་ལྗོངས་ལྷ་ས་ལ་འགྲོ་དུས། ང་ངེས་པར་དུ་བཅིངས་འགྲོལ་དམག་གི་རྗེས་དྲན་རྡོ་རིང་ཡོད་ས་དེར་འགྲོ་ངེས་ཡིན། ས་དེ་ནས་ངས་པུས་མོ་གཉིས་ས་ལ་བཙུགས་ཏེ་ཕྱག་གསུམ་འཚལ་ངེས་ཡིན། རྒྱུ་མཚན་གཞན་མེད། ང་རྒྱ་རིགས་ཤིག་ཡིན་པའི་ངོས་ནས་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ང་ལྔའི་ནང་བོད་མི་རིགས་ལ་བཟུང་བའི་བྱ་སྤྱོད་དེར་གཟོད་གསོལ་ཙམ་ཞུ་བསམ་པ་ཡིན། འཇིག་རྟེན་འདིར་ང་དང་འདྲ་བའི་བསམ་བློ་གཏོང་མཁན་གྱི་རྒྱ་རིགས་ག་ཚོད་ཡོད་པ་མི་ཤེས་མོད། འོན་ཀྱང་ངས་ཤེས་པ་ནི་འདི་ནི་ངས་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་རེད་སྙམ། བོད་པ་རྣམས་དགོངས་པ་མ་ཚོམས། མ་འོངས་པར་ང་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ཀྱི་ཞི་བདེ་ཡི་ཟམ་པ་ལྟ་བུ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་ངེས་ཡིན་ལ། བོད་མི་རིགས་ལ་ཁོ་ཚོའི་འོས་བབ་ཀྱི་ཁེ་ཕན་ཞིག་འཐོབ་པར་ངས་རང་ནུས་ཀྱིས་འགན་ལེན་བྱེད་ངེས་ཡིན། བོད་རྒྱ་མི་རིགས་གཉིས་ཀྱིས་དཀའ་རྙོག་སེལ་བར་འབད་བརྩོན་བྱེད་པའི་རེ་བའང་རྒྱག་གི་ཡོད། ང་ནི་མི་ཚོགས་ཆེན་པོའི་ཁྲོད་ཀྱི་ས་རྡུལ་ཆུང་ཆུང་ལྟ་བུ་ཞིག་ཡིན་ཡང་དུས་ནམ་ཞིག་ལ་གོ་སྐབས་བྱུང་ཚེ་ངས་རང་གི་ནུས་པ་ཆུང་ཆུང་དེ་འདོན་ངེས་ཡིན།བོད་མིའི་མངོན་འདོན་མཚོན་པའི་དོན་ཚན་ཉི་ཤུ།

གཅིག ཆོས་ལུགས་རང་དབང་མངོན་གྱུར་བྱེད་དགོས་ལ་གྲྭ་བཙུན་དང་སྤྲུལ་སྐུ་རྣམས་ལ་ཉེས་མེད་རྡུང་རྡེག་གཏོང་བཞིན་པ་མཚམས་འཇོག་བྱེད་དགོས། ༧པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པ་མ་ཟད། བོད་ས་ཡོངས་ཀྱི་ནང་ཆོས་ཀྱི་བྱེད་སྒོ་ཁ་ཤས་བཀག་སྡོམ་བྱས་ཡོད་པ་བསྐྱར་གསོ་བྱེད་དགོས།

གཉིས། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕྱིར་ཕེབས་འཇུག་དགོས།

གསུམ། རྒྱ་སྐད་བོད་མི་རིགས་ཀྱི་སློབ་གསོའི་མ་སྐད་དུ་སྤྱོད་བཞིན་པ་དེ་ངེས་པར་བསྒྱུར་བཅོས་དགོས། རྒྱ་སྐད་ནི་བོད་མིའི་མ་སྐད་མིན་པས་བོད་ས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བུ་གསོ་ཁང་ཚང་མའི་ནང་བོད་སྐད་ཡིག་བསྐྱར་གསོ་བྱེད་དགོས།

བཞི། བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གཏོར་བཤིག་དང་འབག་བཙོག་བཟོ་བཞིན་པ། ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན་བཅས་མཚམས་འཇོག་དགོས། ལྷ་སའི་སྐྱིད་ཆུ་བྲུས་ནས་ལྷ་ས་གྲོང་ཁྱེར་མེད་པར་བཟོ་བཞིན་པ་མཚམས་འཇོག་དགོས།
ལྔ། གངས་སེང་རྒྱལ་དར་ས་གནས་གང་ལ་དབང་ན་གནས་དེར་སྒྲེང་འཛུགས་བྱེད་དུ་འཇུག་དགོས།

དྲུག པོ་ཏ་ལའི་མདུན་ཐང་ན་དྲང་ངེར་བསླངས་ཡོད་པའི་བཅིངས་གྲོལ་དམག་གི་རྗེས་དྲན་རྡོ་རིང་དེས་བོད་མིའི་སེམས་ཁམས་གས་ཧྲལ་དུ་གཏོང་གི་ཡོད་པས་དེ་མེད་པར་བཟོ་དགོས།

བདུན། བོད་ཀྱི་རྒྱལ་གླུ་སློབ་གྲྭའི་ཞོགས་སྦྱོང་གི་རོལ་དབྱངས་དུ་འཇོག་དགོས།

བརྒྱད། ཚོང་ཟོག་རིན་གོང་སྤར་བའི་དཔོན་ངན་དེ་དག་ལ་ཆད་པ་གཅོད་དགོས། ལྷ་སའི་མི་མང་གིས་སོ་སོའི་མར་དང་སྐམ་ཤ་སོགས་ཟ་བ་ལའང་དཀའ་ངལ་འཕྲད་ཀྱི་འདུག

དགུ། ཉི་མའི་གླིང་གི་ལྗང་འགྱུར་བསྐྱར་གསོ་བྱེད་ས་དེར་དུད་སྨུག་གིས་ཁེངས་ཞིང་། གཞང་འཚོང་མ་དང་རོལ་རྩེད་དོ་ར་སོགས་བྱེད་མི་ཆོག

བཅུ། རྒྱ་ནག་ནང་ལོགས་ཀྱི་གནད་དོན་ཡོད་པའི་འོ་ཕྱེ་སོགས་ཚོང་ཟོག་དང་དུས་ཚོད་ཡོལ་ཟིན་པའི་བཟའ་བཏུང་རིགས་བོད་ནང་དུ་ཚོང་འདྲེན་བྱས་ཏེ། རྒྱ་ཡིག་མི་ཤེས་པའི་བོད་མི་རྣམས་ལ་ནད་རིགས་སྐྱེད་བྱེད་སོགས་བྱེད་མི་ཆོག

བཅུ་གཅིག རྒྱ་ནག་གཞུང་གིས་བོད་ཀྱི་གསར་བརྗེ་རྗེས་དྲན་ཁང་ཞིག་གསར་རྒྱག་བྱས་ཏེ་བོད་མི་རྣམས་ལ་སྐབས་དེར་གནས་ཚུལ་ཅི་བྱུང་ཤེས་སུ་འཇུག་དགོས།

བཅུ་གཉིས། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མི་རྣམས་ལ་རྗེས་དྲན་རྡོ་རིང་བཞེངས་དགོས།

བཅུ་གསུམ། བོད་ཁུལ་གྱི་དགོན་པ་དག་གི་ནང་གྲྭ་ཆས་གྱོན་ཏེ་རབ་བྱུང་ཡིན་ཁུལ་བྱེད་བཞིན་པའི་མི་དེ་དག་ལ་ལྟ་རྟོག་སྡེ་ཚན་བཙུགས་ཏེ། ལྟ་སྐོར་བ་རྣམས་ལ་སུས་བསླུ་བྲིད་གཏོང་གི་ཡོད་པ་ཤེས་སུ་འཇུག་དགོས།

བཅུ་བཞི། ལྷ་སའི་སྐྱིད་ཆུའི་ནང་གི་ཉ་རིགས་འཛིན་པའི་ལས་གཞི་མཚམས་འཇོག་བྱེད་དགོས།

བཅོ་ལྔ། ལྷ་སར་སྤྲོ་འཆམ་དུ་ཡོང་བཞིན་པའི་ཡུལ་སྐོར་བ་དང་། རིག་རྩལ་ལས་རིགས་གཉེར་བཞིན་པའི་གཞོན་ནུ་མ། པར་ལེན་ཚོགས་པ། ད་དུང་ཨ་ཁུ་དང་ཨ་ནེ། བྱིས་པ་རྣམས་ལ་ཤེས་སུ་འཇུག་དགོས་པ་ཞིག་ནི་བྱ་གཏོར་ནི་གང་བྱུང་མང་བྱུང་གི་ལྟད་མོ་ལྟ་ས་ཞིག་ཏུ་ངོས་འཛིན་བྱེད་མི་རུང་བ་མ་ཟད། ཧོན་འཐོར་བ་དང་མཐོང་ཆུང་གི་རྣམ་འགྱུར་གྱིས་བོད་མིའི་ངོ་མཚར་བའི་བྱ་གཏོར་གྱི་ཆོ་གར་མཐོ་བཤད་དམའ་བཤད་སོགས་གཏན་ནས་བྱེད་རྒྱུ་མེད།

བཅུ་དྲུག རྒྱ་ནག་ནང་ལོགས་ཀྱི་ཡུལ་སྐོར་བ་པོ་ཏ་ལའི་ནང་འཛུལ་བའི་གྲངས་འབོར་ལ་ཚོད་འཛིན་བྱེད་དགོས། ཁྱོད་ཚོ་ཡུལ་སྐོར་བ་ཡོང་བ་མང་བའི་རྐྱེན་གྱིས་པོ་ཏ་ལའི་མཐིལ་ཤིང་འཐོར་ལ་ཉེ་འདུག

བཅུ་བདུན། རྒྱ་ནག་གི་བཙོན་ཁང་དུ་བཀག་སྐྱིལ་བྱས་ཡོད་པའི་དགེ་འདུན་པ་རྣམས་གྲོད་བཀྲོལ་གཏོང་དགོས།

བཅོ་བརྒྱད།  ཞིང་འབྲོག་མི་མང་ལ་དབང་བའི་རྩྭ་ཐང་དང་ཞིང་ས་ཕྱིར་སྤྲོད་དགོས།

བཅུ་དགུ། བོད་མི་རིགས་རྒྱ་ནག་ནས་ལོགས་སུ་འཐོན་པར་མོས་མཐུན་བྱེད་དགོས།

ཉི་ཤུ།  མཐའ་དོན་ཡུ་རོབ་དང་ཨ་རི། ཉི་ཧོང་། ལྷོ་ཀོ་རི་ཡ། ཐའེ་ཝན་སོགས་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་རྣམས་ཕྱིར་རང་གི་ཕ་ཡུལ་དུ་ལོག་བཅུག་སྟེ་ནང་མི་དང་ལྷན་འཛོམས་བྱུང་དུ་འཇུག་དགོས།

བསྐྱར་བཅོས།: ༢༠༡༨/༠༨/༠༢

Leave a Reply

4 thoughts on “རྒྱ་མོ་ཞིག་གི་སྙིང་གཏམ་དྲོན་མོ།

  1. གང་ལྟར་ནུས་པ་ཐོན་དང་མི་ཐོན་བརྗོད་ཁག་པོ་རེད་འོན་ཀྱང་རྒྱ་མི་རིགས་གཅིག་སེམས་ལ་འདི་འདྲ་དྲན་པ་ཙམ་གྱི་དགའ་བོ་བྱུང་། འོན་ཀྱང་འདིའི་མ་རྩོམ་རྒྱ་ཡིག་ཐོག་ཡོད་ན་ངེས་པར་ཁྱབ་བསྒྲགས་གནང་དགོས་པ་རེད། རྒྱ་ཆེར་གཏོང་དགོས་པ་གལ་ཆེན་རེད་འདོད། བཀྲིན་ཆེ།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་རྒྱལ་སྲོང་བཙན་རྣ་མ་རྒྱ་མོ་བསུས་།་།
    བོད་རྒྱའི་འབྲེལ་ལམ་དེ་ནས་གསར་གཏོད་གནང་།
    བོད་རྒྱལ་སྲོང་བཙན་རྣ་མ་བལ་མོ་བསུས་།
    བོད་བལ་འབྲེལ་བ་དེ་ནས་གསར་གཏོད་གནང་།
    རྒྱ་ནག་ཆབ་སྲིད་དུག་གི་ས་བོན་ལ་།
    བོད་ཀྱི་རྒྱལ་པོའི་མིག་ཙུབ་གསོལ་རས་ཞུས་།

  3. རྒྱ་མོ་ཞིག་གི་སྙིང་གཏམ་འམ་བསམ་ཚུལ་ཡིན་པའི་ངེས་པ་མི་འདུག ནང་འགལ་མང་པོ་འདུག ཡིད་ཆེས་དང་བློ་ཡིད་ཚིམ་པོ་མ་བྱུང་། དགོས་པ་དང་རྒྱུ་མཚན་གང་ཞིག་ལ་རྟེན་ནས་སུའི་བྲིས་མིན་ཧ་ལམ་རྟོགས་ཐུབ་ཀྱི་འདུག།

  4. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    གདུང་སེམས་མཉམ་སྐྱེད་བོད་མིར་སེམས་གསོའི་གཏམ་།
    གདུང་སེམས་མཉམ་སྐྱེད་བོད་མིར་སྙིང་རྗེའི་གཏམ་།
    གདུང་སེམས་མཉམ་སྐྱེད་བོད་མིའི་སེམས་སྡུག་སེལ་།
    གདུང་སེམས་མཉམ་སྐྱེད་བོད་མིའི་སེམས་དུ་གསལ་།