རྒྱ་གར་ནང་གཙུག་ལག་སློབ་ཆེན་རྫུན་མ་ ༢༧༧ འདུག་ཟེར།

འདི་ལོར་རྒྱ་གར་ནང་སློབ་ཆེན་རྫུན་མ་ ༢༧༧ དང་རྒྱ་ནག་ནང་སློབ་ཆེན་རྫུན་མ་ ༣༨༡ ཡོད་པའི་ཐོ་གཞུང་ཕྱིར་བསྒྲགས་བྱས་ཏེ་འཕྲལ་དུ་ཁྲིམས་གཞི་ལག་བསྟར་དགོས་པའི་འབོད་སྐུལ་བྱས་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་རྒྱ་གར་གྲོས་ཚོགས་འོག་མའི་ཆར་དུས་གྲོས་ཚོགས་ཐོག རྒྱ་གར་དབུས་ཐོན་ཁུངས་ཡར་རྒྱས་ལྷན་ཁང་ནས་རྒྱ་གར་ནང་གཞུང་གི་ཆོག་མཆན་མེད་པའི་བཟོ་སྐྲུན་འཆར་འགོད་སློབ་གཉེར་བྱེད་སའི་གཙུག་ལག་སློབ་གཉེར་ཁང་རྫུན་མ་ ༢༧༧ གྱི་ཐོ་གཞུང་སྙན་གསེང་ཞུས་ཡོད་པ་དང་སྦྲགས། དབུས་གཞུང་ནས་འཕྲལ་དུ་སློབ་གཉེར་ཁང་དེ་དག་ལ་ཁྲིམས་གཞི་ལག་བསྟར་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

དབུས་ཐོན་ཁུངས་ཡར་རྒྱས་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཟོ་སྐྲུན་འཆར་འགོད་ཀྱི་གཙུག་ལག་སློབ་གཉེར་ཁང་རྫུན་མ་ ༦༦ དང་རྒྱ་གར་ལྷོ་ཕྱོགས་ཊེ་ལེན་གྷ་ནཱ་(Telangana)ནང་༣༥། ནུབ་བྷང་གྷལ་ནང་༢༧། ལྷོ་ཕྱོགས་ཀཱར་ནཱ་ཊ་ཀཱ་ནང་༢༣། ཨོ་ཊར་པུར་དྷེ་ཤི(Uttar Pradesh)ནང་ ༢༢། ཧི་མ་ཅལ་ནང་ ༡༨། བྷེ་ཧཱར་ནང་༡༧། མཱ་ཧཱ་རཱ་ཤི་ཊ་རཱ་ནང་༡༦། ཊ་མུལ་ནཱ་དྷོ་ནང་ ༡༡། གྷུ་ཇི་རཱ་ཐི་ནང་༨། ཨན་དྷི་རཱ་མངའ་སྡེའི་ནང་ ༧། ཅཱན་དྷི་གྷར་ནང་༧། པན་ཇབ་ནང་༥། ར་རྗི་སི་ཐན་ནང་ ༥། ཨོ་ཊིར་ཁཱན་ནང་༣ བཅས་ཡོད་པ་དང་། རྒྱལ་ས་ལྡི་ལི་ནི་གཙུག་ལག་སློབ་གཉེར་ཁང་རྫུན་མ་མང་ཤོས་ཀྱི་ས་གནས་ཆགས་ཡོད་སྐོར་བསྒྲགས་འདུག

ཡང་སྙན་ཞུའི་གྲུབ་དོན་ནང་གཙུག་ལག་སློབ་གཉེར་ཁང་དེ་དག་གིས་སློབ་མ་བསྡུས་ཏེ་སློབ་གསོའི་བྱ་བ་གཉེར་བཞིན་ཡོད་པ་རྐྱང་རྐྱང་ཡིན་ལ། ཁོང་ཚོས་ཆེད་ལས་ཀྱི་ངོ་བོའི་ཐོག་ནས་ལག་འཁྱེར་རྫུན་མ་སྤྲད་དེ་སློབ་གཉེར་བ་བསྡུས་ཏེ་ལོ་ཤས་འགྲོ་བཞིན་ཡོད་པ་དང་། ས་ཆ་ཁ་ཤས་ནང་ད་དུང་སློབ་གཉེར་ཁང་རྫུན་མ་ཡོད་སྲིད་སྐོར་བརྗོད་འདུག

རྒྱ་གར་དབུས་ཐོན་ཁུངས་ཡར་རྒྱས་བློན་ཆེན་སཱ་ཡཱ་པལ་སིན(Satya Pal Singh)གྱིས་གཙུག་ལག་སློབ་གཉེར་ཁང་རྫུན་མ་བཙུགས་པའི་གནད་དོན་དེའི་འགན་རྒྱ་གར་དབུས་གཙུག་ལག་སློབ་གཉེར་ལྟ་ཞིབ་ཚོགས་པས་འཁུར་བཞིན་ཡོད་ལ། ཁྲིམས་མེད་ལུགས་མེད་ཀྱི་གནད་དོན་དེ་དག་ལ་མྱུར་དུ་ཐག་གཅོད་བྱ་དགོས་སྐོར་བརྗོད་འདུག་ལ། རྒྱ་གར་དབུས་གཙུག་ལག་སློབ་གཉེར་ལྟ་ཞིབ་ཁང་གིས་ཀྱང་སློབ་ཆེན་རྫུན་མ་༢༤ ཡི་ཐོ་གཞུང་དྲ་རྒྱའི་ཐོག་བཀྲམ་ཡོད་འདུག

རྒྱ་གར་ནང་དེ་སྔོན་ནས་སློབ་ཆེན་དང་གཙུག་ལག་སློབ་གཉེར་ཁང་རྫུན་མ་སོགས་ཀྱིས་སློབ་གཉེར་བ་མང་པོར་མགོ་སྐོར་བཏང་བའི་གནད་དོན་མང་པོ་བྱུང་ཡོད་པ་དང་། སློབ་ཆེན་དེ་དག་ནས་སློབ་མཐར་ཕྱིན་པའི་སློབ་གཉེར་བ་མང་པོས་དབུས་གཞུང་ལ་ཡིག་ཚད་གཏོང་སྐབས་ལག་འཁྱེར་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡང་མང་པོ་བྱུང་ཡོད་འདུག ཕྱི་ལོ་༢༠༡༦ ལོར་རྒྱ་གར་དབུས་གཞུང་གིས་ཁྲིམས་རྩོད་པ་རྫུན་མ་མང་པོའི་ལག་འཁྱེར་ལ་ཞིབ་བཤེར་བྱེད་སྐབས་སློབ་ཆེན་རྫུན་མ་མང་པོ་ལྷང་ལ་བུད་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། སློབ་ཆེན་རྫུན་མ་མང་ཆེ་བ་ཞིག་དངུལ་གྱི་ཆེད་དུ་ཡིན་སྟབས། མང་པོ་ཞིག་གིས་སློབ་གཉེར་བའི་ལག་ནས་སློབ་ཡོན་བླངས་ཚར་རྗེས། འཛིན་གྲྭར་གཏན་ནས་འགྲོ་མི་དགོས་པར་སློབ་ཡུན་ཟིན་རྗེས་མཐར་ཕྱིན་ལག་འཁྱེར་སྤྲོད་ཀྱི་ཡོད་པ་མ་ཟད། གཙུག་ལག་སློབ་ཆེན་རྫུན་མ་ཁ་ཤས་ཀྱིས་ས་ཁུལ་གཞན་གྱི་གཙུག་ལག་སློབ་གཉེར་ཁང་སོགས་ཀྱི་མིང་དང་ལས་རྟགས་སོགས་སྤྱད་དེ། གཙུག་ལག་སློབ་གཉེར་ཁང་དེའི་ཡན་ལག་ཡིན་ཁུལ་གྱིས་སློབ་མའི་ལག་ནས་དངུལ་མང་པོ་བསྡུ་ཡི་ཡོད་འདུག

འདི་ལོའི་ཕྱི་ཟླ་༤ པའི་ནང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གཙུག་ལག་སློབ་གཉེར་ཁང་རྫུན་མ་ཞིག་གིས་ཧི་མ་ཅལ་གཞུང་ལ་དེབ་སྐྱེལ་ཡོད་པའི་མཱ་ནེབ་བྷར་ཊི་གཙུག་ལག་སློབ་གཉེར་ཁང་(Manav Bharti University)གི་མིང་དང་ལས་རྟགས་སོགས་བེད་སྤྱོད་ཀྱིས་སློབ་གཉེར་བ་བསྡུས་པའི་གནད་དོན་ཞིག་ཁྲིམས་གཏུགས་བྱས་ཡོད་པ་རེད།

སྤྱིར་གཙུག་ལག་སློབ་གཉེར་ཁང་རྫུན་མའི་རིགས་ནི་རྒྱ་གར་ནང་གཅིག་པུ་ཙམ་མ་ཡིན་པར་རྒྱལ་ཁབ་མང་པོའི་ནང་དུ་བྱུང་གི་ཡོད་པ་དང་། རྒྱ་ནག་ལྟ་བུར་མཚོན་ན་ལོ་རེའི་རྒྱལ་ཡོངས་སློབ་ཆེན་གྱི་རྒྱུགས་སྤྲོད་དང་བསྟུན། སློབ་ཆེན་རྫུན་མའི་བརྡ་སྦྱོར་སྣ་ཚོགས་དང་སློབ་གཉེར་ཁང་རྫུན་མའི་ཁ་བྱང་སྟོང་ཕྲག་མང་པོ་བཀྲམ་གྱི་ཡོད་པ་དང་། འདི་ལོའི་རྒྱ་ནག་རྒྱལ་ཡོངས་སློབ་ཆེན་ཡིག་རྒྱུགས་སྐབས་རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་ཁང་གིས་སློབ་ཆེན་རྫུན་མ་ ༣༨༡ ཐོ་གཞུང་ཕྱིར་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༠༣

Leave a Reply

One thought on “རྒྱ་གར་ནང་གཙུག་ལག་སློབ་ཆེན་རྫུན་མ་ ༢༧༧ འདུག་ཟེར།

  1. བོད་ཡིག་ཐོག་བཀོད་པའི་གསར་འགྱུར་འདི་ཚོ་མང་ཆེ་བ་ཧོལ་ཚོད་ཙམ་རེད་འདུག
    གཙུག་ལག་སློབ་ཆེན་རྫུན་མ་ལབ་ཀྱི་ཡོད་མ་རེད། འཕྲུལ་ལས་རིག་པའི་སློབ་ཆེན་ལབ་ཀྱི་ཡོད་རེད། སློབ་ཚན་བྱེ་བྲག་པ་གཅིག་གི་མཐོ་སློབ་སྐོར་ཤོད་ཀྱི་ཡོད་རེད། India has 277 fake engineering colleges.