རྒྱ་གར་བུད་མེད་ཅིག་གིས་བཟའ་ཟླའི་ཕོ་མཚན་བཅད།

ལོ་རེར་རྒྱ་གར་རྒྱལ་ཡོངས་ནང་སྐྱེས་པ་ ༡༠ ནས་ ༡༥ བར་གྱི་ཕོ་མཚན་བཟའ་ཚང་རྩོད་རྙོག་དང་བཙན་གཡེམ་སོགས་ཀྱི་གནད་དོན་ཁྲོད་གཅོད་ཀྱི་ཡོད་འདུག

རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་བྱང་ཕྱོགས་ཨོ་ཊར་(Uttar Pradesh)མངའ་སྡེའི་མ་ཛཱ་ཧྥིར་ནཱ་གྷར(Muzaffarnagar)རྫོང་ཁོངས་ཀྱི་མིང་ལ་ཡོ་ནོ་སི་ཨ་ཧེམ་ཌི(Yunus Ahmed)ཞེས་པའི་སྐྱེས་པ་ཞིག་གིས། བཟའ་ཟླ་གཉིས་པ་ཞིག་བཙལ་ཏེ་རང་གི་བཟའ་ཟླ་དང་པོའི་སར་མ་བསྡད་པར་བརྟེན། ཁ་སང་བཟའ་ཟླ་དང་པོ་དེས་ཁོའི་ཕོ་མཚན་གྲིས་བཅད་ཡོད་འདུག

ས་གནས་ཉེན་རྟོག་ཁང་གི་མགོ་འཁྲིད་ཀཱ་པཱར་ཝན(Kaparwan)གྱིས། སྐྱེས་པ་དེ་བུད་མེད་གཞན་ཞིག་དང་གཉེན་སྒྲིག་དགོས་པའི་གནད་དོན་གཙོ་བོ་དེ་བཟའ་ཟླ་དང་པོ་དང་བྱིས་པ་སྐྱེས་རྒྱུ་མེད་པར་བརྟེན།  ལོ་སྔོན་མར་བཟའ་ཟླ་དང་པོས་མོས་མཐུན་བྱས་པ་བརྒྱུད་ཁོས་བཟའ་ཟླ་གཉིས་པ་གཉེན་སྒྲིག་བྱས་ཡོད་ཀྱང་། གཉེན་སྒྲིག་བྱས་རྗེས་སྐྱེས་པ་དེ་བཟའ་ཟླ་དང་པོ་མཉམ་དུ་མང་པོ་མ་བསྡད་པར་བཟའ་ཟླ་གཉིས་པ་མཉམ་དུ་ཕྱིན་པར་བརྟེན་གནས་ཚུལ་བྱུང་ཡོད་སྐོར་བརྗོད་འདུག

ད་ལྟའི་ཡོ་ནོ་སི་ཨ་ཧེམ་ཌིའི་གནས་སྟངས་ཛ་དྲག་ཆགས་ཏེ་སྨན་ཁང་དུ་ཡོད་པ་དང་། ཁོའི་བཟའ་ཟླ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉེན་རྟོག་པ་ཞིག་གིས་བརྗོད་པ་ལྟར་ན། བུད་མེད་དེས་གཞན་གྱི་ལུས་ཐོག་ལ་གནོད་འཚེ་ཆེན་པོ་བྱས་ཡོད་པས་ཉུང་མཐའ་ཡང་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་སྲིད་པ་དང་། སྐྱེས་པ་དེའི་ནང་མི་ཚོས་དོན་རྐྱེན་དེ་ཁྲིམས་གཏུགས་བྱས་ཡོད་འདུག

རྒྱ་གར་ནང་བུད་མེད་ཀྱིས་སྐྱེས་པའི་ཕོ་མཚན་བཅད་པ་དེ་སྔོན་མང་པོ་བྱུང་ཡོད་པ་དང་། ཁྲིམས་ཐོག་ནས་གལ་ཏེ་བཙན་གཡེམ་བྱེད་སྐབས་བུད་མེད་དེས་ཕོ་མཚན་བཅད་པ་ཡིན་ན། རང་སྲུང་གི་ཆེད་དུ་ཡིན་པར་རྩིས་ནས་ནག་ཉེས་མེད་འདུག ལོ་སྔོན་མར་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་ནང་ཧུན་རྡུ་ཆོས་དཔོན་ཞིག་གིས་བུད་མེད་ལོ་ཆུང་ཞིག་ལ་བཙན་གཡེམ་བྱེད་སྐབས་ཕོ་མཚན་བཅད་ཡོད་པ་དང་། ཀེ་ར་ལ་མངའ་སྡེའི་བློན་ཆེན་གྱིས་བུད་མེད་དེའི་བྱེད་སྟངས་ནི་ཧ་ཅང་བློ་སྟོབས་ཆེན་པོའི་གོམ་སྟབས་ཤིག་ཡིན་པའི་བསྔགས་བརྗོད་བྱས་ཏེ་ཁྲིམས་ཆད་ཕོག་མེད་པ་རེད།

རྒྱ་གར་གྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ནང་ལོ་རེར་སྐྱེས་པ་ ༡༠ ནས་ ༡༥ བར་གྱི་ཕོ་མཚན་བཅད་པའི་དོན་རྐྱེན་བྱུང་གི་ཡོད་པ་དང་། དེ་དག་ལས་དོན་རྐྱེན་མང་ཆེ་བ་ཞིག་བཟའ་ཚང་རྩོད་རྙོག་ལས་བྱུང་གི་ཡོད་པ་དང་། བཙན་གཡེམ་དོན་རྐྱེན་ཁྲོད་ཕོ་མཚན་བཅད་པའི་གནས་ཚུལ་ཡང་བྱུང་གི་ཡོད་ཀྱང་། ཧ་ཅང་ཉུང་ཉུང་ཡིན་སྐོར་བརྗོད་འདུག  ཡིན་ན་ཡང་། རྒྱ་གར་ནང་བཙན་གཡེམ་བྱེད་མཁན་ཚོའི་ཕོ་མཚན་མི་མང་གིས་རུབ་རྡུང་བྱས་ཏེ་བཅད་པའི་གནས་ཚུལ་མང་པོ་བྱུང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༠༣

Leave a Reply