གྷོ་གྷུལ་གྱིས་རྒྱ་གཞུང་ལ་མགོ་བཏགས་འདུག་ཟེར།

གྷོ་གྷུལ་ཚོང་གཉེར་ཁང་གིས་རྒྱ་ནག་གཞུང་གི་དགོས་མཁོ་ལྟར་འཚོལ་བཤེར་མ་ལག་བཟོས་པ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལས་དཔལ་འབྱོར་ཁེ་བཟང་གཙོ་བོར་བཟུང་བ་རེད་ཅེས་སྐྱོན་བརྗོད་བྱས་འདུགཟླ་འདིའི་ཕྱི་ཚེས་ ༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྷོ་གྷུལ་གྱི་གསང་བའི་ཡིག་ཚགས་ཤིག་ཕྱིར་གྱར་བའི་ནང་གྷོ་གྷུལ་ཚོང་གཉེར་ཁང་གིས་འབུ་བླ་མ་མ་ཎིའི་ལས་གཞི་ (Dragonfly Project) ཟེར་བ་ཞིག་གི་འོག རྒྱ་ནག་ལ་འཚོལ་བཤེར་མ་ལག་གི་མཉེན་ཆས་ཞིག་བཟོས་ཡོད་པ་དང་། དེའི་ནང་དམངས་གཙོ་དང་དྲུག་བཞིའི་དོན་རྐྱེན། ཆོས་དད་རང་དབང་སོགས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་བཞིན་པའི་བརྡ་ཆད་་དང་རང་དབང་གི་སྤྱི་ཚོགས་དྲ་ལམ་ཁག་ཅིག་བཀག་སྡོམ་བྱས་ཡོད་འདུག

གྷོ་གྷུལ་གྱི་གསང་བའི་ཡིག་ཚགས་ཕྱིར་གྱར་ཏེ་རྙོག་གླེང་བྱུང་རྗེས་གྷོ་གྷུལ་ཚོང་གཉེར་ཁང་གི་མགྲིན་ཚབ་མ་ཞིག་གིས། ང་ཚོས་རྒྱ་ནག་ནང་ཁ་པར་གྱི་མཉེན་ཆས་གྷོ་གྷུལ་ཡིག་བསྒྱུར་ (Google Translate) དང་ཡིག་ཚགས་དོ་དམ་ (Files Go) སོགས་མཁོ་སྤྲོད་དང་།  རྒྱ་ནག་གི་ལས་བཟོ་བར་རོགས་པ་བྱེད་བཞིན་ཡོད། དེ་བཞིན་ (JD.com) ལྟ་བུའི་དྲ་ཐོག་གློས་ཆས་ཚོང་གཉེར་ཁང་སོགས་ལའང་མ་འཛུགས་ཆེན་པོ་བྱེད་བཞིན་ཡོད། ཡིན་ཡང་ང་ཚོས་མ་འོངས་པའི་ལས་འཆར་སྐོར་ལ་འགྲེལ་བརྗོད་ཞུ་ཡི་མེད། ཅེས་བརྗོད་འདུག

གནས་ཚུལ་དེ་ཐོག་མར་(The Intercept)གསར་ཁང་གིས་སྤེལ་ཡོད་པ་དང་། འབུ་བླ་མ་མ་ཎིའི་ལས་གཞི་ཟེར་བ་དེ་ལོ་སྔོན་མའི་ལོ་མགོ་ནས་མགོ་འཛུགས་ཀྱིས་གྷོ་གྷུལ་གྱི་སྤྱི་ཁྱབ་འགན་འཛིན་སན་དྷར་པེ་ཆའེ་ (Sundar Pichai) དང་། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོ་ཡང་ཡང་ཐུག་འཕྲད་ཀྱིས་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ནས་བཟུང་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་བཏང་ཡོད་པ་མ་ཟད། དེའི་ཚབ་མཚོན་གྱི་མཉེན་ཆས་མའོ་ཐེ་(Maotai) དང་ལུང་ཧྥེ་(Longfei) གཉིས་སྤྱི་ཚོགས་ནང་བཀྲམས་ཡོད་འདུག འཆར་གཞི་ལྟར་ན་འཚོལ་བཤེར་མ་ལག་གི་མཉེན་ཆས་ངོ་མ་དེ་འབྱུང་འགྱུར་གྱི་ཟླ་ ༦ ནས་ ༩ ནང་སྒོ་འབྱེད་བྱ་རྒྱུ་ཡིན་འདུག

འཚོལ་བཤེར་མ་ལག་དེར་བཀག་སྡོམ་བྱས་ཡོད་པའི་བརྡ་ཆད་རྣམས་ནི་དམངས་གཙོ། དྲུག་བཞིའི་དོན་རྐྱེན་དང་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་དང་ནུབ་ཕྱོགས་ཀྱི་གསར་འགྱུར། བྷི་བྷི་སི་དྲ་བ་དང་ཝེ་ཀེ་རིག་མཛོད། དམར་ཕྱོགས་ཀྱི་ལྟ་བ་དང་འགལ་བའི་དཔེ་དེབ་སེམས་ཅན་གསོ་ཁང་ (Animal Farm) ལྟ་བུ། འཁྲིག་སྤྱོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དྲ་བ་ངོ་དེབ་དང་པར་མཛོད་ (Instagram)། ཊི་ཊར་སོགས་ཡིན་འདུག

འཚོལ་བཤེར་མ་ལག་དེའི་སྐོར་ལ་ཧོང་ཀོང་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་པད་ཁྲུ་རིག་ཕོན་ (Patrick Poon) ལགས་ཀྱིས། འདི་ནི་རྒྱ་ནག་ཁོ་ནར་བྱུང་བའི་དོན་ངན་ཞིག་མིན་པར་ང་ཚོ་ཚང་མའི་བརྡ་འཕྲིན་རང་དབང་དང་ཤེས་བྱ་རང་དབང་གི་ཆག་སྒོ་ཞིག་ཡིན་ལ། ད་ལྟའི་ཆ་འཕྲིན་དུས་རབས་ཀྱི་ཆག་སྒོ་ཆེན་པོ་ཞིག་རེད། འཛམ་གླིང་གི་འཚོལ་བཤེར་མ་ལག་ཆེ་ཤོས་གྷོ་གྷུལ་གྱིས་རྒྱ་ནག་གི་དྲ་ཐོག་གནས་ཚུལ་བཀག་སྡོམ་ལ་མགོ་བོ་བསྒུར་བ་དེས། སུས་ཀྱང་དྲ་ཐོག་གི་གནས་ཚུལ་བཀག་སྡོམ་ལ་ཁ་གཏད་ཆོག་གི་མེད་པའི་མཚོན་རྟགས་གསལ་པོ་རེད། གྷོ་གྷུལ་གྱིས་འགྲོ་བ་མིའི་ཐོབ་ཐང་ལས་ཁེ་བཟང་གཙོ་བོར་འཛིན་གྱིན་འདུག ཅེས་བརྗོད་འདུག

འབུ་བླ་མ་མ་ཎིའི་ལས་གཞི་དང་འབྲེལ་བ་ཆེན་པོ་ཡོད་པའི་ལས་མི་ཞིག་གིས། འཚོལ་བཤེར་མ་ལག་གི་མཉེན་ཆས་དེ་ག་དུས་ཕྱི་ལ་འདོན་མིན་ནི་རྒྱུ་མཚན་ཆེན་པོ་གཉིས་ལ་ཐུག་ཡོད། དང་པོ་ནི་རྒྱ་ནག་གཞུང་གི་ངོས་ལེན་བྱེད་མིན་དང་། གཞན་དེ་ནི་གྷོ་གྷུལ་ལ་རྒྱ་ནག་ནང་གི་འཚོལ་བཤེར་མ་ལག་ཆེ་ཤོས་ (Baidu) དང་འགྲན་པའི་གདེང་ཚོད་ག་ཚོད་ཅིག་ཡོད་མེད་ལ་རག་ལུས་ཡོད་སྐོར་བརྗོད་འདུག ཡང་ལས་མི་གཞན་ཞིག་གིས་ད་ལྟ་རྒྱ་ནག་དང་ཨ་རིའི་བར་ཚོང་དམག་བྱུང་བཞིན་པར་བརྟེན། འཚོལ་བཤེར་མ་ལག་གི་མཉེན་ཆས་དེ་ག་དུས་སྒོ་འབྱེད་བྱ་མིན་ད་རུང་གསལ་ཁ་མེད་ལ། ཟླ་སྔོན་མའི་ཚོགས་འདུ་ཞིག་གི་སྐབས་གྷོ་གྷུལ་འཚོལ་བཤེར་མ་ལག་གི་འགན་འཛིན་པན་གྷོམ་སུ་ (Ben Gomes) ཡིས་མཉེན་ཆས་དེ་བཀྲམ་ཆོག་ཆོག་བྱེད་པར་གྲ་སྒྲིག་ཡོད་དགོས་ལ། རྒྱལ་སྤྱིའི་ཁྲོམ་རའི་གནས་སྟངས་གློ་བུར་དུ་འགྱུར་ཚེ་ནམ་ཞིག་ཊོམ་ཕུའི་གྲོགས་པོ་ཡག་ཤོས་དེ་ཞི་ཅིན་ཕིན་འདེམས་ཡང་སྲིད་སྐོར་བཤད་པ་བརྗོད་འདུག

ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གི་དྲ་རྒྱའི་ཉན་ཞིབ་སྐབས། རྒྱ་ནག་ནང་གི་ཨ་རིའི་འཕྲུལ་ལས་བཟོ་གྲྭ་ཁག་གི་སྐོར་ལ་དམིགས་བསལ་གླེང་སློང་ཆེན་པོ་བྱུང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གིས་གྷོ་གྷུལ་ནི་རྒྱ་ནག་གི་དྲ་ཐོག་གནས་ཚུལ་བཀག་སྡོམ་ལ་རམ་འདེགས་བྱེད་མཁན་ཏུ་གྱུར་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ཕྱིས་སུ་དྲ་ཐོག་གནས་ཚུལ་བཀག་སྡོམ་གྱི་གནས་ཚུལ་མང་པོ་བྱུང་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༠ ལོར་གྷོ་གྷུལ་གྱིས་རྒྱ་ནག་ནང་གི་འཚོལ་བཤེར་མ་ལག་དེ་ཕྱིར་བསྡུ་བྱས་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། བསྒྲགས་གཏམ་ནང་དུ་རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་དང་དྲ་ཚིགས་བཀག་སྡོམ། གྷོ་གྷུལ་ལས་ཁུངས་ཀྱི་མ་ལག་ཁག་ལ་གསང་འཛུལ་བྱས་པ་སོགས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་བྱ་ཐབས་མེད་སྐོར་བསྒྲགས་ཡོད་པ་རེད།

ད་ལྟའི་གྷོ་གྷལ་གྱི་སྤྱི་ཁྱབ་འགན་འཛིན་སན་དྷར་པེ་ཆའེ་ (Sundar Pichai) ནི་ཨ་རིར་ཡོད་པའི་རྒྱ་གར་བ་ཞིག་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༢༠༡༥ ལོ་ནས་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་ཚོགས་འདུ་གཏམ་བཤད་ཞིག་གི་སྐབས་ཁོང་གིས། ངས་འཛམ་གླིང་འགྲོ་བ་ཡོངས་ལ་ཞབས་ཞུ་ཞུ་བར་འབད་བརྩོན་བྱེད་བཞིན་ཡོད། གྷོ་གྷུལ་ནི་ཚང་མའི་རེད། དེ་བས་ང་ཚོས་རྒྱ་ནག་གི་དྲ་བའི་འཛད་སྤྱོད་པ་རྣམས་ལ་ཞབས་ཞུ་ཞུ་འདོད་ཡོད། ཅེས་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ནང་ཁོང་རྒྱ་ནག་ལ་ཕྱིན་ཏེ་ཞི་ཅིན་ཕིན་གྱི་ཕྱི་འབྲེལ་ལམ་སྟོན་པ་གཙོ་བོ་ཧོ་ནིན་ (Huning) དང་ཐུག་འཕྲད་ཀྱིས། རྒྱ་ནག་ནང་འཕྲུལ་རིག་གི་ཉམས་ཞིབ་ཁང་ཞིག་གསར་འཛུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་ཏུ་གྷོ་གྷུལ་གྱི་ཡིག་ཚགས་དོ་དམ་བྱེད་པའི་མཉེན་ཆས་ཞིག་སྒོ་འབྱེད་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༠༣

Leave a Reply