ངའི་ལུས་པོ་དེ་ཤ་རུས་གདོས་བཅས་ཀྱིས་གྲུབ་ཡོད་པས་ཐང་ཆད་དྲགས་ན་ཚེ་ལ་འགལ་རྐྱེན་ཆགས་ཀྱི་རེད་དཱ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བར་སྐབས་ས་འོག་ནས་ཐོན་པའི་དངོས་རྫས་དང་མིའི་རུས་པ་ཐོན་པ་དེ་འདྲའི་ཐོག་ནས་བོད་གངས་ཅན་དུ་མིའི་འགྲོ་བ་སླེབས་ནས་ལོ་སྟོང་ཕྲག་ ༣༥ བཤད་ཀྱི་འདུག་པས་བོད་མི་རིགས་དེ་སྔ་པོ་ནས་ཆགས་ཡོད་སྐོར་གསུངས།ཟླ་འདིའི་ཕྱི་ཚེས་ ༣ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ཐང་ཆེན་དུ་ལ་དྭགས་ནང་པའི་ཆོས་ཚོགས་དང་ལ་དྭགས་དགོན་ཚོགས་ཐུན་མོང་ནས་གསོལ་སྟོན་ཞིག་འབུལ་གནང་མཛད་པ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་རང་ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༣ ཉིན་ལ་དྭགས་སླེ་རུ་འབྱོར་ནས་ད་ལྟ་ཟླ་བ་གཅིག་ཙམ་ཕྱིན་འདུག དུས་ཡུན་དེའི་རིང་སླེ་དང་ནུབ་རི། ཟངས་དཀར། ཀལ་གྷིལ་བཅས་ས་གནས་ཁག་དེ་དག་ནང་མང་ཚོགས་ལ་ཐུག་འཕྲད་ཙམ་རེ་བྱས་ཡོད་པ་ལྟར། མི་མང་ཚོའི་ངོས་ལ་དད་པ་དང་དགའ་ཞེན་གཡོ་བ་མེད་པ་རེད་འདུག་ལ། ང་རང་སེམས་འགུལ་ཐེབས་པ་ཞིག་བྱུང་སོང་བས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེན་པོ་བྱུང་སོང་བསམ་པ་བྱུང་། གཞན་ཁ་ཆེའི་ས་ཁུལ་ཁག་ནང་འཁྱུག་ཙམ་སླེབས་པ་རེད་ལ་ས་ཁུལ་དེ་དག་ནང་ཆོས་ལུགས་དབྱེ་བ་མེད་པར་ཞེ་དྲག་དགའ་བོ་བྱེད་ཀྱི་འདུག ངོས་ཀྱིས་ས་གནས་ཁག་ཏུ་དཀའ་ངལ་ཕྲན་བུ་འཕྲད་བསྡད་པ་དེ་དག་ལ་གཞན་སྐུལ་བྱས་ཏེ་ཕན་ཐོགས་བྱུང་སོང་བསམ་ཡོད། ད་ལྟའི་དུས་ཚོད་འདིར་དྷ་རམ་ས་ལར་ཆར་དུས་ཁེལ་ཡོད་སྟབས་རླན་བཤེར་དང་གཞའ་ཚན་སོགས་ཀྱི་སྐབས་འདི་ཕྱོགས་སུ་འཁྱུག་ཙམ་ཡོང་ན་བསམ་པ་ཡིན། འདིར་དགའ་བོའི་ངང་ངལ་གསོ་རྒྱག་གི་ཡོང་བ་ཡིན་མ་གཏོགས་བྲེལ་བ་ཚ་བོ་བྱེད་དུ་ཡོང་བ་མིན། རྗེས་ཕྱོགས་ཟངས་དཀར་དང་ནུབ་རིར་འགྲོ་རྒྱུ་དེ་ཚོ་ལྟ་བཞིན་བྱེད་ཀྱི་ཡིན། གང་ལྟར་མདོ་དོན་སྙིང་པོ་སྐད་ཆ་དྲང་པོ་བཤད་ན་ལོ་རྒན་ ༨༤ ཟིན་གྲབས་ཡོད་པའི་མི་ཞིག་ལྷོད་ལྷོད་ཀྱིས་ཚེ་རིང་པོ་བསྡད་ན་དགའ་བོ་འདུག་གམ། བྲེལ་བ་ཚ་བོ་བྱས་ཏེ་ཚེ་ཐུང་བ་བྱས་ན་དགའ་བ་འདུག སྐད་ཆ་དྲང་པོ་བཤད་ན་དེ་དག་ལ་འབྲེལ་བ་ཡོད་པ་རེད། ངོས་ཀྱིས་འདིར་ཡོང་ནས་ལྷོད་ལྷོད་ལྟ་བུ་བྱས་ཏེ་སྡོད་རྒྱུ་ཡོང་ན་བསམ་ཀྱི་ཡོད་པ་རེད། རྗེས་ཕྱོགས་ཕར་ཚུར་མང་པོ་འགྲོ་དགོས་པ་དེར་ཁ་ཐུག་ལྟ་བཞིན་ལྟ་བཞིན་བྱེད་ཀྱི་ཡིན་ད། ཤེས་སོང་ངམ། ཞེས་གསུངས་སོང་། ཁྱེད་རང་ཚོ་མང་པོ་ཞིག་གིས་ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བཞུགས་ན་བསམ་པའི་སྨོན་ལམ་འདེབས་ཀྱི་ཡོད་པ་རེད། ལྷག་པར་བོད་ནང་དུ་དཀའ་ངལ་མང་པོ་འཕྲད་བསྡད་མཁན་ཚོས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པར་ཤོག་ཅེས་སྨོན་ལམ་ཞེ་དྲག་བརྒྱབ་བསྡད་ཡོད་པ་རེད། ངའི་ལུས་དེ་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ཡིན་དུས་ཞེ་དྲག་ཐང་ཆད་པ་སོགས་བྱུང་ན་ཚེ་ལ་འགལ་རྐྱེན་དུ་ཆགས་འགྲོ་ཡི་ཡོད་པ་རེད། དེ་དག་ཁྱེད་རང་ཚོར་བཤད་ན་འདོད་སོང་། ཞེས་གསུངས།

གཞན་ཕྱི་ཚེས་ ༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ཐང་ཆེན་དུ་བསོད་ནམས་གླིང་མི་མང་དང་བོད་ཁྱིམ་དགེ་སློབ་ལས་བྱེད་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་ངོས་ཀྱིས་འདིར་སྐད་ཆ་བཤད་རྒྱུ་ནི་བོད་གངས་ཅན་པ་ཞིག་ཡིན་པའི་ངོས་ནས་སྐད་ཆ་བཤད་ཀྱི་ཡོད། གཉིས་ནས་གཞིས་ལུས་རྒྱ་ཆེ་མི་མང་ས་ཡ་དྲུག་ཙམ་ཡོད་པ་དེ་དག་གིས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བཙན་བྱོལ་ལ་ཡོད་པའི་བོད་པ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་དེ་དག་གིས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེར་བོད་གངས་ཅན་ལྗོངས་ཀྱི་བོད་མི་གཞིས་བྱེས་ཡོངས་རྫོགས་ཀྱི་ཚབ་བྱས་ཏེ་ངོས་ཀྱིས་ཚིག་ཁ་ཤས་ཤོད་འདོད་བྱུང་། ཁྱེད་རང་ཚོ་སློབ་གྲྭ་ཐོན་པ་དེ་དག་གིས་ཤེས་ཀྱི་རེད། འཛམ་གླིང་གི་ས་ཁྲའི་ནང་ཨེ་ཤ་ཡ་བརྗོད་དུས་འཛམ་གླིང་གི་མི་མང་པོས་འཛམ་གླིང་གི་ཡང་ཐོག་རྩི་རྒྱུ་ཞིག་དང་། བོད་གངས་ཅན་གྱི་ལྗོངས་འདི་ས་ཆའི་བབ་ཀྱི་ཐོག་ནས་ཡང་ཐོག་ལྟ་བུ་ཞིག་ཆགས་ཡོད། བོད་མི་རིགས་ནི་བར་སྐབས་ས་འོག་ནས་དངོས་རྫས་ཐོན་པ་དེ་འདྲ་དང་མིའི་རུས་པ་ཐོན་པ་དེ་འདྲའི་ཐོག་ནས་མིའི་འགྲོ་བ་སླེབས་ནས་ལོ་ཇི་ཙམ་ཕྱིན་པ་བར་སྐབས་ལོ་ ༣༥༠༠ བཤད་ཀྱི་འདུག ལོ་སྟོང་ཕྲག་ ༣༥ བཤད་ཀྱི་འདུག གང་ལྟར་བོད་ལ་མི་རིགས་ཆགས་རྒྱུ་ནི་ཧ་ཅང་སྔ་པོ་རེད་འདུག ཐོག་མར་བོད་པ་ཚོ་སངས་རྒྱས་པའི་ཆོས་ལ་དོ་སྣང་དེ་དུས་ནས་ཕལ་ཆེར་བྱུང་བ་ཡིན་ས་རེད། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གསར་དུ་ཆགས་པ་ཡིན་ནའང་འདྲ། གཞན་ཡང་ཞང་ཞུང་སྨར་ཡིག་ཡོད་པ་འདི་ཡར་རྒྱས་བཏང་བ་ཡིན་ནའང་གང་ལྟར་ཐུ་མི་སམ་བྷོ་ཊའི་སྐབས་སུ་བོད་ཡིག་རྒྱ་ཡིག་ལ་དཔེ་བལྟས་མེད། རྒྱ་གར་གྱི་དེ་བ་ནཱ་ག་རཱི་ཡི་གེར་དཔེ་བལྟས་ཏེ་དབྱངས་དང་གསལ་བྱེད་ཡོད་པའི་བོད་ཡིག་གསར་གཏོད་གནང་བ་རེད། བོད་ཡིག་ཅེས་སུ་གཅིག་དང་མ་འདྲ་བ་ཞིག་ང་རང་ཚོ་རང་གི་རང་སྐྱ་ཐུབ་པའི་ཡི་གེ་ཅིག་བཟོས་འདུག ཡི་གེ་ཡོད་པ་ཙམ་མ་ཟད། དུས་རབས་ ༨ ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་གཞི་ནས་རྒྱ་གར་ནས་སངས་རྒྱས་པའི་ཆོས་སྤེལ་རྒྱུའི་དགོངས་པ་བཞེས་ནས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་། སློབ་དཔོན་རིན་པོ་ཆེ་ཡོད་པ་རེད། མཁན་སློབ་ཆོས་གསུམ་ཞེས་དེ་འདྲའི་ཐོག་ནས་གཙོ་བོ་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དེ་དག་བོད་ལ་ངོ་སྤྲོད་གནང་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

མཁན་སློབ་ཆོས་གསུམ་སྐབས་བསམ་ཡས་གཙུག་ལག་ཁང་བཞེངས་པ་གནང་ནས་རྒྱ་གར་དུ་ཆོས་ཀྱི་གསུང་རབ་ཁག་བསྒྱུར་བ་དང་རྒྱ་གར་མཁས་པའི་དབང་པོ་ཚོས་བོད་ལ་ཕན་ཐོགས་བྱུང་བའི་སྐོར་ལ་ཁོང་ཉིད་ཀྱིས། མཁན་སློབ་ཆོས་གསུམ་སྐབས་བསམ་ཡས་གཙུག་ལག་ཁང་གསར་བཞེངས་གནང་སྟེ། བསམ་ཡས་གཙུག་ལག་ཁང་གི་ནང་དུ་སྡེ་ཚན་མི་འདྲ་བ་དེ་འདྲ་བཟོས་འདུག རྣམ་དག་ཚུལ་ཁྲིམས་གླིང་ཞེས་སྡོམ་པ་འབོག་ཆོག་གནང་རྒྱུ་རབ་བྱུང་གི་སྡེ་ཐོག་མར་སད་མི་བདུན་རབ་ཏུ་བྱུང་ཞེས་དེ་དུས་ནས་རབ་བྱུང་ངུར་སྨྲིག་གི་སྡེ་སྤུས་དག་པོ་ཞིག་འཚུགས་རྒྱུ་རྣམ་དག་ཚུལ་ཁྲིམས་གླིང་དང་། དེ་ནས་སྒྲ་བསྒྱུར་ལོ་པཎ་གླིང་ཞེས་ང་ཚོ་བོད་ཡིག་ཐོག་ཡོད་པ་དེའི་ནང་རྒྱ་གར་གྱི་པཱ་ལིའི་གཞུང་བསྒྱུར་ཡོད་པ་མ་ཟད། གཙོ་བོ་ལེགས་སྦྱར་གྱི་གཞུང་ཚུར་བསྒྱུར་ནས་དེང་སྐབས་ང་ཚོ་ཚང་མས་ཤེས་ཀྱི་རེད། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་དེ་དག་བོད་རང་ནས་བྱུང་བ་མ་རེད། རྒྱ་གར་ནས་ཚུར་བསྒྱུར་ཏེ་ཡོང་བ་རེད། མཁན་ཆེན་ཞི་བ་འཚོས་སྒྱུར་དགོས་རེད། ཁྱེད་རང་ཚོར་ཡི་གེ་དང་སྐད་ཡིག་ཟུར་དུ་འདུག དེ་འདྲ་ཡིན་དུས་རྒྱ་གར་ལེགས་སྦྱར་གྱི་གཞུང་དང་པཱ་ལིའི་གཞུང་ནང་ཡོད་པ་དེ་ཚོས་གྲས་བོད་ཡིག་ཐོག་སྒྱུར་དགོས་རེད་ཅེས་གསུང་ནས་སྒྲ་བསྒྱུར་ལོ་པཎ་གླིང་ཟེར་རྒྱུ་འདི་བཙུགས་འདུག དེ་ལྟར་རིམ་པས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་རིམ་པས་བོད་སྐད་རང་གི་ནང་ཆ་ཚང་ཡོད་པའི་གཞུང་དེ་དག་བྱུང་བ་རེད། གཙོ་བོ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་རེད། དེ་ལྟར་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་པའི་བསྟན་པ་དཔལ་ནཱ་ལེནྡྲའི་སངས་རྒྱས་པའི་བསྟན་པ་དྲི་མ་མེད་པ་ཞིག་བོད་ལ་ངོ་སྤྲོད་གནང་ནས་ང་ཚོ་བོད་རིགས་མེས་པོ་ཚོ་དངོས་གནས་དྲང་གནས་དཀའ་ལས་བརྒྱབ་ནས་ནཱ་ལེནྡྲའི་མཁས་པའི་གཞུང་དེ་དག་རྩ་བ་བློ་ལ་བཟུང་། འགྲེལ་བ་ཚིག་རེ་རེ་ནས་མར་བརྒྱབ་ནས་འགྲེལ་བ་དེ་ཡང་གཙོ་བོ་རྒྱ་འགྲེལ་གཙོ་བོ་བཞག དེ་ཡང་བོད་འགྲེལ་ཡོད་པ་རེད། དེ་ལྟར་ཚིག་རེ་རེ་བཞིན་འགྲེལ་བཤད་བརྒྱབ། དེ་ནས་ཚིག་གི་ཚིག་འགྲེལ་ཡོད་པ་ཙམ་མིན་པར་དོན་དག་རེ་རེ་བཞིན་དགག་གཞག་སྤང་གསུམ་ཟེར་རྒྱུའི་གཞན་ལུགས་དགག་པ། རང་ལུགས་གཞག་པ། དེར་རྩོད་པ་སྤང་བ། ཞེས་པ་དེ་འདྲའི་ཐོག་ནས་མཁན་ཆེན་ཞི་བ་འཚོ་ཁོ་རང་ཚད་མའི་གཞུང་ལ་ཧ་ཅང་མཁས་པ་རེད་འདུག ཁོང་གིས་མཛད་པའི་ཚད་ཆེན་དེང་སྐབས་ང་ཚོས་ལྟ་རྒྱུ་ཡོད། དེ་བཞིན་ལྟ་གྲུབ་ཐོག་ཧ་ཅང་མཁས་པ་བྱས་ནས་ཁོང་གིས་དབུ་མ་རྒྱན་མཛད་པ་དེང་སྐབས་ང་ཚོས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་རེད། ཕྱིས་སུ་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་སློབ་དཔོན་ཀཱ་མ་ལ་ཤི་ལ་བོད་ལ་གདན་ཞུ་གནང་ནས་སློབ་དཔོན་ཀཱ་མ་ལ་ཤི་ལས་མུ་མཐུད་མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་བ་འདི་ཡར་རྒྱས་བཏང་གནང་འདུག གང་ལྟར་བོད་ལ་ནང་པ་སངས་རྒྱས་པའི་བསྟན་པ་ཚུགས་པ་འདི་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་སངས་རྒྱས་ཀྱི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་འདི་ཚུགས་ནས་བོད་པས་ཧུར་ཐག་འབད་ཐག་བྱས་ནས་འདས་པའི་ལོ་སྟོང་ཕྲག་གཅིག་ཙམ་གྱི་ནང་ལ་བོད་གངས་ཅན་པའི་མཁས་པ་རང་ཉིད་ཀྱིས་བརྩམས་པའི་གཞུང་ཕལ་ཆེར་པོ་ཏི་ཞིབ་ཕྲ་ངོས་ཀྱི་དྲན་གྱི་མི་འདུག་ཀྱང་པོ་ཏི་ཕལ་ཆེར་ཁྲི་ལྷག་ཙམ་ཞིག་བོད་རང་གི་མཁས་པས་མཛད་ཡོད། ནམ་རྒྱུན་ངོས་ཀྱིས་བཤད་བཞིན་པའི་ནཱ་ལེནྡྲའི་མཁས་དབང་པཎ་གྲུབ་བཅུ་བདུན་གྱི་གཞུང་ནང་འདུལ་བ་དང་། དབུ་མ། དེ་བཞིན་ཚད་མའི་གཞུང་ཤུགས་ཆེན་པོ་འདུག ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གཞུང་གཙོ་ཆེ་བ་ཚང་མ་བོད་ཡིག་ནང་ཡོད་པ་རེད་འདུག ལེགས་སྦྱར་ནང་ཡོད་པའི་གཞུང་དེ་ཚོའི་གྲས་པཱ་ལིའི་ཉམས་ཞིབ་གནང་མཁན་ཐེ་ལེན་ཌི་དང་འབར་མ། ཤྲཱི་ལངྐ་དེ་ཚོར་ཡོད་མ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་པ་ཡིན་པ་རྒྱ་ནག་རེད། འོན་ཀྱང་རྒྱ་ནག་ལ་ཚད་མའི་གཞུང་དེ་དག་དེ་ཙམ་དར་སྲོལ་ཆེན་པོ་བྱུང་མི་འདུག དེར་བརྟེན་མཁན་ཆེན་ཞི་བ་འཚོ་བོད་གངས་ཅན་གྱི་ལྗོངས་ལ་ནཱ་ལེནྡྲའི་མཁས་པའི་གཞུང་དེ་དག་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་ངོ་སྤྲོད་དང་ཐུགས་རེ་གནང་བ་ནང་བཞིན་ང་ཚོ་བོད་ཀྱི་མེས་པོ་ཚོས་བསྒྲུབས་ཡོད། ཅེས་གསུངས།

ཡང་དེང་སྐབས་དུས་རབས་ ༢༡ ནང་འདིར་སངས་རྒྱས་པའི་ལྟ་སྤྱོད་སྒོམ་གསུམ་ཚད་མའི་ལམ་ནས་འགྲེལ་ཐུབ་མཁན་བོད་གངས་ཅན་ལྗོངས་ལ་མ་གཏོགས་མེད་པའི་སྐོར་ལ། དུས་རབས་ ༢༡ ནང་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་དེ་ཡང་ཚད་མའི་ལམ་ནས་དྲངས་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། རིག་པ་གཙོ་བོ་བྱས་ནས་འགྲོ་རྒྱུ་བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་གཅིག་པུ་མ་གཏོགས་འཛམ་གླིང་གི་ནང་པའི་ལུང་པ་སུ་གཅིག་ལ་མི་འདུག་དེར་བརྟེན་མཁན་སློབ་ཆོས་གསུམ་ཞེས་གཙོ་བོ་མཁན་ཆེན་ཞི་བ་འཚོས་ཐུགས་རེ་གནང་བ་ནང་བཞིན་བོད་གངས་ཅན་གྱི་མེས་པོ་ཚོས་བསྒྲུབས་ནས་དུས་ད་ལྟ་འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ལྟ་གྲུབ་བཤད་དགོས་བྱུང་ན། དེ་ཡང་ཚད་མའི་ལས་ནས་དྲངས་ནས་འགྲེལ་བཤད་རྒྱག་རྒྱུ་འདི་བོད་པ་ཁོ་ན་གཅིག་སུ་གཅིག་ཀྱང་མེད། དེར་བརྟེན་ཚད་མའི་ལམ་ནས་འགྲེལ་བཤད་རྒྱག་ཡོང་དུས་ལུང་ལ་བརྟེན་གྱི་མེད། ལུང་གལ་ཆེན་པོ་རེད། འོན་ཀྱང་ལུང་རྣམ་དག་ཡིན་མིན་ནི་རིག་པ་ལ་བརྟེན་ནས་སྒྲུབ་རྒྱུ་རེད། བཅོམ་ལྡན་འདས་རང་གི་བཀའ་ཞིག་ཡིན་ནའང་འདི་སྒྲ་ཇི་བཞིན་ཁས་བླངས་རུང་དང་མི་རུང་ཟེར་རྒྱུ་ནི་བཅོམ་ལྡན་འདས་ཀྱི་བཀའ་གཞན་ཞིག་ལ་བརྟེན་དགོས་བྱུང་ན་ཐུག་མེད་དུ་འགྲོ་རྒྱུ་རེད། བཅོམ་ལྡན་འདས་ཀྱི་བཀའ་ལ་དྲང་ངེས་གཉིས་འཇོག་དགོས་ན། འདི་དབྱེ་བ་འབྱེད་རྒྱུ་ནི་རིག་པ་འབའ་ཞིག་གི་ཐོག་ནས་དབྱེ་བ་འབྱེད་རྒྱུ་རེད་མ་གཏོགས་ལུང་ལ་བརྟེན་ཤེས་ཀྱི་མ་རེད། སངས་རྒྱས་ཀྱི་ལུང་གཅིག་གྱུར་ཡིན་ནའང་ལུང་འདི་སྒྲ་བཞིན་ཁས་བླང་རུང་གི་མ་རེད་ཟེར་རྒྱུ་འདི་རིག་པ་ཁོ་རང་གི་སྟེང་ནས་འགྲོ་དགོས་ཀྱི་འདུག དེར་བརྟེན་བསྲེག་བཅད་བརྡར་བའི་གསེར་བཞིན་དུ། དཔྱད་པ་གསུམ་གྱིས་དག་པའི་ཐོག་ནས་རྟག་དཔྱད་བྱས་ནས་འགྲོ་རྒྱུ་འདི་ནཱ་ལེནྡྲའི་དངོས་གནས་ཐུན་མོང་མིན་པའི་གཟབ་རྒྱས་རེད་འདུག དེ་འདྲའི་གཟབ་རྒྱས་འདི་ང་ཚོ་བོད་པས་རྒྱུན་འཛིན་བྱས་ནས་འགྲེལ་བཤད་གང་འདྲ་རྒྱག་དགོས་བྱུང་ནའང་རིག་པ་རང་གི་ཐོག་ནས་འགྲོ་རྒྱུ་གོང་དུ་ཕྲུ་གུ་ཚོས་རྟགས་གསལ་གཏོང་རྒྱུ་ཞིག་འདུག་བ། རྟགས་གསལ་གཏོང་རྒྱུ་ནི་གཙོ་བོ་ཚད་མའི་གཞུང་ནས་བཤད་ཀྱི་ཡོད་པ་རེད། ཐལ་ཕྱིར་ཁྱབ་དང་མ་ཁྱབ་ཟེར་ནས་ལག་པ་རྡེབ་རྒྱུ་ནི་ཕལ་ཆེར་ནཱ་ལེནྡྲར་ཡོད་མེད་གཞི་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་འདུག རྩ་བའི་རྟགས་གསལ་ཁྱབ་གསུམ་ཟེར་ནས་འགྲོ་རྒྱུ་ཡོད་ཀྱང་ལག་པ་བརྡབས་ནས་འགྲོ་རྒྱུ་དེ་ནཱ་ལེནྡྲར་ཨེ་ཡོད་དམ། བོད་གངས་ཅན་གྱི་ལྗོངས་ལ་ཚད་མའི་གཞུང་སྒྱུར་ཡོང་དུས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཁོང་རང་ཉིད་ཚད་མར་ཐུགས་སྣང་ཧ་ཅང་གནང་ནས་རིགས་གཏེར་མཛད་འདུག བོད་ཀྱི་མཁས་པས་ཚད་མའི་གཞུང་མཛད་རྒྱུ་ཕལ་ཆེར་དང་པོ་རེད། ཕྱ་པ་ཆོས་སེང་ཡབ་སྲས་ཀྱིས་རིགས་ལམ་གྱི་ཚད་མ་འགྲོ་སྟངས་ལ་དམིགས་བསལ་ཐུགས་སྣང་གནང་ནས་དེང་སྐབས་གྲྭ་པ་ཚོས་གཟན་རྐེད་པར་དཀྲིས་ནས་རྟགས་གསལ་གཏོང་རྒྱུ་དེ་ཚོའི་གྲས་ནི་ཕལ་ཆེར་ཕྱ་པ་ཆོས་སེང་ཡབ་སྲས་ནས་མར་ཡོང་བ་མིན་ནམ་བསམ་གྱི་འདུག ཚད་མའི་གཞུང་ནཱ་ལེནྡྲ་ནས་ཚུར་ཡོང་བ་དེའི་ཐོག་ལ་ང་ཚོ་བོད་པས་ཕལ་ཆེར་ཞབས་འདེགས་གང་ཙམ་བསྒྲུབས་ཡོད་པ་རེད། ཡར་རྒྱས་ཡོང་རྒྱུར་བོད་པས་ཕལ་ཆེར་ཞབས་འདེགས་བསྒྲུབས་ཡོད་རེད་བསམ་གྱི་འདུག ཅེས་གསུངས།

ཕྱི་ཚེས་ ༡ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་སླེ་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་ཆེན་མོའི་སྨན་ཞབས་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་སྨན་ཞབས་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད། ལས་ཀ་འདི་གཞན་ཕན་གྱི་བྱ་བ་རེད། བྱང་ཆུབ་སེམས་དཔའི་གཞན་དོན་སྒྲུབ་རྒྱུའི་ཆ་ཤས་ཤིག་སྨན་པ་བྱས་ནས་མི་ལ་རོགས་བྱེད་རྒྱུ་ནི་ཧ་ཅང་ཡག་པོ་རེད། སེམས་པ་བཟང་པོ་བྱོས། ནད་པར་ཕན་པ་སྒྲུབ་པའི་བསམ་པ་བཟང་པོ་བྱེད་དགོས། མཁྱེན་སོང་ངམ། སྨན་ཞབས་པ་བྱེད་པའི་རིང་ནད་པར་བརྩེ་བ་དང་གད་མོ་དགོད་ཐུབ་ན་ཡག་པོ་ཡོད། ངོས་རང་སྨན་ཁང་ཆེན་པོ་དེ་འདྲར་ཐེངས་མང་པོ་སླེབས་ཡོད། སྨན་ཞབས་པ་གད་མོ་དགོད་མཁན་དེ་འདྲ་བྱུང་ན་སྐྱིད་པོ་འདུག སྨན་ཞབས་པ་འགའ་ཤས་རླུང་ལངས་པའི་བཟོ་འདྲ་བོ་དེ་འདྲ་འདུག ངོས་ལ་གང་བྱེད་གྲབས་ཡོད་དམ་སྙམ་པའི་དོགས་པ་ཟ་གི་འདུག དེར་བརྟེན་མི་ཟེར་མཁན་འདི་སྤྱོད་འཇུག་ནང་གསུང་པ་ལྟར་རེད། འཛུམ་གྱི་བསུ་བ་དང་འཛུམ་སྟོན་ནས་སྐད་ཆ་བག་ཕེབས་པོ་བཤད་པ་ཡིན་ན། མིའི་སེམས་སྐྱིད་པོ་ཡོང་གི་རེད། ཁྱེད་རང་ཚོའི་ལས་རིགས་གཞན་ཕན་གྱི་བྱ་བ་རེད། ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། དེ་ནས་སེམས་པ་འདི་སྤྱོད་འཇུག་ནང་གསུང་པ་ནང་བཞིན་སེམས་པ་བཟང་པོ་བྱས་པ་ཡིན་ན། ཁྱེད་རང་ཚོའི་ལས་རིགས་འདི་བྱས་པ་དང་ཆབས་ཅིག་བསོད་ནམས་མང་པོ་བསག་གི་རེད། བསོད་ནམས་ཆེན་པོ་བསག་གི་རེད། ཚེ་འདི་ལ་ཡིན་ནའང་མི་ལུས་ཐོབ་ནས་གཞན་ཕན་བྱེད་རྒྱུ་བྱུང་བ་རེད། བསོད་ནམས་བསགས་པ་འདིས་ཚེ་རབས་ནས་ཚེ་རབས་གཞན་ཕན་བྱེད་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།

གཞན་སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། སླེ་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་ཡོད་པ་དང་། ལྡི་ལི་རུ་མཛད་འཆར་ཁག་ཅིག་བསྐྱང་རྗེས་ཕྱི་ཚེས་ ༡༥ ཉིན་ཕྱིར་བཞུགས་སྒར་དྷ་སར་ཞབས་སོར་འཁོད་རྒྱུད་ཡིན་པ་དང་། ཕྱི་ཟླ་ ༩ ཚེས་ ༤ ནས་ ༧ བར་ཉིན་བཞིའི་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རི་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག

སངས་རྒྱས་དཀོན་མཆོག་གིས་དགའ་ལྡན་ཕོ་བྲང་དྲ་རྒྱ་དང་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༠༨/༠༤

Leave a Reply

One thought on “ངའི་ལུས་པོ་དེ་ཤ་རུས་གདོས་བཅས་ཀྱིས་གྲུབ་ཡོད་པས་ཐང་ཆད་དྲགས་ན་ཚེ་ལ་འགལ་རྐྱེན་ཆགས་ཀྱི་རེད་དཱ།

  1. ང་ཚོ་བོད་མི་འགོ་ཁྲིད་ཚོས་བསམ་བློ་ནན་གཏན་བཏང་ནས་༧གོང་ས་མཆོག་གི་མཛད་འཆར་བཟོ་དགོས་འདུག། ཁོང་ལ་ཉུང་ཐར་ཟླ་བ་གཅིག་ནང་བདུན་གཅིག་སྐུ་ངལ་སོས་ཡ་དུ་ཚོད་དགོས་འདུག།