ཨེ་ཝེ་ཝེའི་སྒྱུ་རྩལ་ཁང་གཏོར།

རྒྱ་ནག་གཞུང་གིས་སྔོན་བརྡ་གང་ཡང་མ་བཏང་བར་སྒྱུ་རྩལ་པ་གྲགས་ཅན་ཨེ་ཝེ་ཝེ་ལགས་ཀྱི་པེ་ཅིན་དུ་ཡོད་པའི་སྒྱ་རྩལ་ཁང་གཏོར་བཤིག་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་སྔོན་བརྡ་གང་ཡང་མ་བཏང་བར་པེ་ཅིན་དུ་ཡོད་པའི་སྒྱུ་རྩལ་པ་ཨེ་ཝེ་ཝ་ལགས་ཀྱི་སྒྱུ་རྩལ་ཁང་ཙུའུ་ཡོས་(Zuo You)ལ་ས་སློག་འཕྲུལ་འཁོར་ཆེད་གཏོང་གིས་བཙན་གྱིས་གཏོར་ཡོད་པ་དང་། འཇར་མན་ནང་གནས་སྡོད་བྱེད་བཞིན་པའི་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་ཀྱིས་ཕྱི་ལོ་ ༢༠༠༦ ལོ་ནས་མགོ་འཛུགས་བྱས་པའི་ངའི་སྒྱུ་རྩལ་ཁང་གཙོ་བོ་དེ་པེ་ཅིན་གྱི་དཔོན་རིགས་ཚོས་གཏོར་སོང་ཞེས་བརྗོད་འདུག

ཧྥ་རན་སིའི་(AFP)གསར་ཁང་ལ་ཨེ་ཝེ་ཝེ་ལགས་ཀྱི་ལས་རོགས་གྷང་ར་(Gang Ra)ཡིས། ཁང་རྩེག་དེ་གཡར་བའི་ལོ་ཚད་ལོ་སྔོན་མའི་ནང་རྫོགས་ཡོད་ནའང་། ད་དུང་དེའི་ནང་དུ་མུ་མཐུད་ནས་ལས་ཀ་བྱེད་ཀྱི་ཡོད་པས་ལས་སླ་མོས་གཏོར་ཐུབ་པ་ཞིག་མིན་ལ། ཉིན་ཤས་སྔོན་གཞུང་ཕྱོགས་ནས་ལས་མི་ཚོར་གནས་སྤོ་དགོས་པའི་བརྡ་བརྒྱབས་པ་ཙམ་ལས་གསལ་བཤད་གང་ཡང་མ་བྱས་པར་གཏོར་ཡོད་སྐོར་བརྗོད་འདུག

ད་ལན་ནི་རྒྱ་གཞུང་གིས་ཨེ་ཝེ་ཝེ་སྒྱུ་རྩལ་ཁང་གཏོར་བཤིག་བཏང་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོར་ཧྲང་ཧེ་རུ་ཡོད་པའི་ཨེ་ཝེ་ཝེ་སྒྱུ་རྩལ་ཁང་དེའང་རྒྱ་ནག་གཞུང་གིས་གློ་བུར་ཏུ་གཏོར་བཤིག་བཏང་ཡོད་པ་དང་། སྐབས་དེར་ཨེ་ཝེ་ཝེ་ལགས་ཀྱིས་སྲིད་གཞུང་གིས་སྔོན་བརྡ་གང་ཡང་བཏང་མེད་སྐོར་ཁོ་རང་སྒེར་གྱི་སྤྱི་ཚོགས་དྲ་གནས་(Instagram)སྟེང་བརྗོད་འདུག

སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ནི་སྒྱུ་རྩལ་གྱི་ལམ་ནས་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་མཁན་གཙོ་བོ་ཞིག་ཡིན་ཞིང་། ཁོང་ནི་ཕྱི་ལོ་ ༡༩༥༧ ལོར་པེ་ཅིན་དུ་ཡོད་པའི་སྙན་ངག་པ་གྲགས་ཅན་ཅང་ཀྲིན་ཧན་(蒋正涵)ཚང་དུ་སྐྱེས་ཡོད་པ་དང་། ཁོང་ལོ་ན་ ༣ ལ་སོན་ཙམ་ཏེ་ཕྱི་ལོ་ ༡༩༦༡ ལོར་རྒྱ་ནག་ལ་རིག་གནས་གསར་བརྗེ་བྱུང་སྐབས། ཁོའི་ནང་མི་ཚང་མ་ཤིན་ཅང་ཧྲི་ཧི་ཙི་(Shi hezi)ལ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་སྟེ། ཡུལ་དེར་ལོ་ ༡༦ རིང་སྐྱབས་བཅོལ་བའི་འཚོ་བ་བསྐྱལ་ཡོད་པ་དང་། ཕྱི་ལོ་༡༩༧༦ ལོར་ནང་མི་ཚང་མ་ཕྱིར་པེ་ཅིན་དུ་ལོག་ཡོད་འདུག

ཕྱི་ལོ་༡༩༧༨ ལོར་ཨེ་ཝེ་ཝེ་ལགས་པེ་ཅིན་གློག་བརྙན་སློབ་གླིང་གི་འགུལ་གཟུགས་རི་མོའི་སྡེ་ཚན་ནང་འཛུལ་ཡོད་པ་དང་། ཕྱི་ལོ་༡༩༨༡ ལོར་ཨ་རིའི་ཕིན་སེལ་ཝཱ་ནི་ཡ་མཐོ་སློབ་(Pennsylvania University ) དང་ཁ་ལེ་ཧྥོ་ནི་ཡ་བྷིར་ཁི་ལེ་མཐོ་སློབ་(University of California) སོགས་སུ་སློབ་སྦྱོང་བྱས་ཡོད་པ་རེད། ཕྱིས་སུ་ཁོང་གིས་ཡིག་རྒྱུགས་མ་འཕྲོད་པར་བརྟེན་སློབ་གྲྭ་ནས་ཕྱིར་འབུད་དགོས་བྱུང་། དེ་ནས་ཁོང་གིས་སྲང་ལམ་དུ་རང་མོས་ཀྱི་རི་མོ་བྲིས་པ་དང་ངེས་མེད་ཀྱི་ལས་ཀ་བྱས་ཏེ་འཚོ་བ་སྐྱེལ་ཐབས་བྱས་ཡོད་འདུག

ཕྱི་ལོ་ ༡༩༩༣ ལོར་ཁོའི་ཨ་ཕར་ནད་གཞི་ལྕི་མོ་ཞིག་ཕོགས་ཏེ་ཕྱིར་རྒྱལ་ནང་དུ་ལོག་དགོས་བྱུང་ཡོད་པ་དང་། ཕྱིས་སུ་ཁོང་གིས་སྒྱུ་རྩལ་སྐོར་གྱི་དཔེ་དེབ་མང་པོ་པར་སྐྲུན་བྱས་ཡོད་པ་མ་ཟད། པེ་ཅིན་དང་ཧྲང་ཧེ་སོགས་སུ་སྒྱུ་རྩལ་ཁང་བཙུགས་ཡོད་འདུག ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་ཐང་སྟེ་པེ་ཅིན་གྱི་བྱ་ཚང་ཞེས་པ་འཆར་འགོད་བྱས་ཡོད་པ་དང་།  ཕྱི་ལོ་༢༠༠༥ ལོར་ཁོང་གིས་སྒེར་གྱི་ཟིན་བྲིས་ཤིག་སྒོ་འབྱེད་བྱས་ཏེ་རྒྱ་ནག་གཞུང་གི་ཆབ་སྲིད་རྩོད་རྙོག་དང་སྤྱི་ཚོགས་གནད་དོན་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་བར་བརྟེན། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཁོང་གི་ཟིན་བྲིས་དེ་སྒོ་བརྒྱབས་ཡོད་འདུག དེ་ནས་ཁོང་གིས་སྤྱི་ཚོགས་དྲ་བ་ཊི་ཝེ་ཊིར་(Twitter)སྟེང་ཆབ་སྲིད་སྐོར་གྱི་རྩོམ་ཡིག་སྣ་ཚོགས་སྤེལ་ཡོད་འདུག

ཕྱི་ལོ་ ༢༠༡༡ ལོར་ཁོང་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཉིན་གྲངས་ ༨༡ རིང་གསང་བའི་བཀག་ཉར་བྱས་པར་བརྟེན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་རིམ་པ་བྱས་རྗེས། རྒྱ་ནག་གཞུང་གིས་ཨེ་ཝེ་ཝེ་ཡིས་དཔྱ་ཁྲལ་དང་ཉེས་ཆད་རྒྱ་སྒོར་ཁྲི་ ༡༥༢༢ ཆད་ཡོད་སྐོར་བསྒྲགས་ཡོད་པ་རེད། གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ནས་ཉིན་གྲངས་ ༡༠ ལས་མ་འགོར་བར་དྲ་རྒྱ་བེད་སྤྱོད་པ་ཁྲི་ ༣ ལྷག་གིས་རྒྱ་སྒོར་ཁྲི་ ༩༠༣ གཡར་སྦྱིན་བྱས་ཡོད་འདུག གང་ལྟར་ཁོང་ལ་རྒྱ་ནག་གཞུང་གིས་ཆབ་སྲིད་དང་འབྲེལ་བའི་ཉེས་འཛུགས་དང་བཀག་སྡོམ་ཐེངས་མང་བྱས་རྗེས། ཕྱི་ལོ་ ༢༠༡༥ ལོར་ཁོང་ལ་ཕྱིར་སྐྱོད་ལག་འཁྱེར་སྤྲད་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༠༦

Leave a Reply