རེབ་གོང་སྒྱུ་རྩལ་འགྲན་སྡུར་བྱས།

རེབ་གོང་ཐང་ཆེན་དུ་རེབ་གོང་ཐང་བྲིས་སྒྱུ་རྩལ་འགྲན་སྡུར་སྐབས་ ༤ པ་བསྡུས་ཏེ་ཐང་བྲིས་པ་ ༤༦༧ དང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་པ་ ༨༣ མཉམ་ཞུགས་བྱས་ཡོད་འདུགཁ་སང་རྨ་ལྷོ་ཁུལ་རེབ་གོང་རོང་བོ་གྲོང་རྡལ་གྱི་རེབ་གོང་ཐང་ཆེན་དུ་རེབ་གོང་ཐང་བྲིས་སྒྱུ་རྩལ་་འགྲན་བསྡུར་སྐབས་བཞི་པ་བསྡུས་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་མཚོ་སྔོན་ཞིང་ཆེན་གྱི་སྒྱུ་རྩལ་པ་ ༥༥༠ ཞུགས་ཡོད་པ་དང་། དེའི་ཁྲོད་དུ་ཐང་བྲིས་པ་༤༦༧ ཡོད་པ་དང་། འཇིམ་བརྐོ་དང་གཙགས་དྲུབ། གོས་སྐུ་བཤམས་པ་སོགས་ཀྱི་སྒྱུ་རྩལ་འགྲེམ་སྟོན་ནང་ཞུགས་མཁན་ ༨༣ ཡོད་འདུག

རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་ཐར་གྱིས། རྨ་ལྷོ་ཁུལ་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཡོད་པའི་རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཡིན་ལ། ཕྱི་ལོ་༢༠༠༦ ལོ་དང་༢༠༠༩ ལོར། རེབ་གོང་སྒྱུ་རྩལ་དེ་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་མིང་ཐོའི་གྲས་སུ་ཚུད་ཡོད་པ་དང་།  ལོ་ངོ་བརྒྱ་ཕྲག་དུ་མའི་རྒྱུན་འཛིན་དང་དར་སྤེལ་བརྒྱུད་དེ་རེབ་གོང་ས་ཁུལ་དེ་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་གཤིན་ས་ལྟ་བུར་གྱུར་ཡོད། ཅེས་བརྗོད་འདུག

ཐང་གའི་རིག་གནས་ཀྱི་དགེ་ཕན་སྐོར་ལ་ཁོང་གིས། ལོ་རེ་བཞིན་ཐང་ག་འབྲི་བཞེངས་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་བུ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འབྲི་བཞེངས་ལག་རྩལ་ལ་སྔར་བས་བྱང་ཆ་ལྡན་ཡོད་པ་དང་། ད་ལྟ་རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་ཐད་ལ་ཐོག་མའི་རྣམ་པ་རགས་ཙམ་ཆགས་ཡོད་ཅིང་། ལས་ཞུགས་པ་ཁྲི་༤ ལྷག་དང་། ལོ་རེའི་ཐོན་ལས་ཡོང་འབབ་སྒོར་དུང་ཕྱུར་༧།༨ ལ་སླེབས་ཟིན་པས།  རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྐུལ་བའི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྨ་ལྷོ་ཁུལ་ལྗང་མདོག་འཕེལ་རྒྱས་སུ་སྐུལ་བའི་དཔལ་འབྱོར་གྱི་ཀ་བ་ཆེན་པོ་ཞིག་ཀྱང་ཡིན་ཡིན་སྐོར་བསྒྲགས་འདུག

ཐེངས་འདིའི་འགྲན་སྡུར་སྐབས་ཐང་ག་འབྲི་བཞེངས་དང་འཇིམ་བརྙན་དང་མེ་ཏོག་མཆོད་པའི་འགྲན་ཁུལ། གོས་སྐུ་བཤམས་སྟོན་ཁུལ་བཅས་རིགས་གསུམ་དུ་བགོས་ཏེ། ཐང་ག་འབྲི་བཞེངས་ཀྱི་འགྲན་སྡུར་དེ་དུས་ཚོད་བཞིའི་རིང་བྱས་རྗེས། ཐང་གའི་ཆེད་ལས་པ་མི་༢༨ ཀྱིས་འགྲན་ཞུགས་བརྩམས་ཆོས་དག་ལ་དཔྱད་འདེམས་བྱས་པ་བརྒྱུད། ཡུལ་དངོས་ནས་ཐང་ག་༡༠༠ ཐམ་པ་བདམས་ཏེ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་མཁན་ཐང་བྲིས་སྒྱུ་རྩལ་པ་ ༣༢ ལ་གསེར་དང་དངུལ། ཟངས་བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༠༩

Leave a Reply

One thought on “རེབ་གོང་སྒྱུ་རྩལ་འགྲན་སྡུར་བྱས།

  1. བཟང་གི་་་་ས་ཆ་ཁ་ཤས་ལ་ལས་རིགས་འདྲ་མི་འདྲའི་སྒང་ལ་སྒྱུ་རྩལ་པ་དང་ཤེས་ཡོན་པ་མང་པོ་ཐོན་ཡོང་གིན་འདུག
    ཟོག་རྫི་ལུག་རྫི་ལྟར་ཀི་ཤར་རྒྱག་ཡ་གཅིག་པོ་རེད་མི་འདུག
    དུས་རབས་ཉི་ཤུ་རྩ་གཅིག