ཨ་རིའི་གྲོས་འཆར་ལ་ངོ་རྒོལ།

མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ ༡༣ གྱིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་གཅོད་པར་རྒྱབ་སྐྱོར་བྱས་ཡོད་ཀྱང་རྒྱ་ནག་དང་ཨུ་རུ་སུས་མོས་མཐུན་བྱས་མེད་པ་རེད།

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ ༡༥ ཡི་ལྷན་ཚོགས་ཐོག ཨ་རིས་ཨུ་རུ་སུར་རྟེན་གཞི་བྱས་པའི་བྱང་ཀོ་རི་ཡའི་དངུལ་ཁང་ཆེན་པོ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོ་གཞུང་ནག་པོའི་ནང་འཇོག་དགོས་པའི་གྲོས་འཆར་འདོན་སྐབས། ཚོགས་ཞུགས་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་ཡོད་ཀྱང་རྒྱ་ནག་དང་ར་ཤི་ཡའི་སྐུ་ཚབ་ཀྱིས་དགག་པ་བརྒྱབས་ཡོད་འདུག

བདུན་ཕྲག་སྔོན་མར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡའི་ཕྱོགས་ལ་ཚོང་འབྲེལ་གྱི་ཉེས་ཆད་བསྒྲགས་གཏམ་ཞིག་སྤེལ་པའི་ནང་། ར་ཤི་ཡར་རྟེན་གཞི་བྱས་ཡོད་པའི་བྱང་ཀོ་རི་ཡའི་(Agrosoyuz Commercial Bank) ཚོང་འབྲེལ་དངུལ་ཁང་དང་། རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་ཏན་ཏུང་ཀྲུང་ཧྲིན་བཟོ་ཚོང་ཁང་ (Dandong Zhongsheng Industry & Trade Co Ltd) ། དེ་བཞིན་བྱང་ཀོ་རི་ཡ་ནང་རྟེན་གཞིས་བྱས་པའི་ཀོ་རི་ཡ་ཨུན་ཇོན་མཉམ་ལས་ཁང་ (Korea Ungum Corporation) བཅས་ཚུད་ཡོད་པ་དང་།

 ཉིན་དེའི་གསར་འགོད་གསལ་བསྒྲགས་སྐབས་ཨ་ཀུ་རོ་སའོ་ཡོ་ཛི་ཚོང་འབྲེལ་དངུལ་ཁང་གིས། ཨ་རིས་དེ་སྔོན་ཐོ་གཞུང་ནག་པོ་ནང་བཞག་ཡོད་པའི་བྱང་ཀོ་རིའི་གཞུང་འབྲེལ་དངུལ་ཁང་གི་སྐུ་ཚབ་ཧན་ཇན་སའོ་ (Han Jang Su) ལ་དངུལ་སྒོར་འབོར་ཆེན་གཏོང་གི་ཡོད་སྐོར་བརྗོད་ཡོད་སྟབས། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྟེང་གྲོས་འཆར་དེ་བཏོན་པ་ཡིན་འདུག

ཟླ་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་སོགས་མཚོན་ཆའི་རིགས་བཟོ་མཚམས་འཇོག་ཆེད། བྱང་ཀོ་རི་ཡ་ནས་རྡོ་སོལ་དང་ལྕགས་གཏེར། ཞ་ཉེ་དང་རས་ཆ། མཚོ་ཟས་སོགས་ཕྱིར་འདྲེན་མི་བྱེད་པ་དང་། ཟ་སྣུམ་དང་རྡོ་སྣུམ་སོགས་ནང་འདྲེན་བྱེད་དུ་མི་འཇུག་པའི་ཉེས་ཆད་བཅད་ཡོད་ཀྱང་། རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱིས་ཉེས་ཆད་ལ་དལ་འགོར་བྱས་ཡོད་པ་མ་ཟད། ཨུ་རུ་སུ་གཞུང་གིས་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱིས་བྱང་ཀོ་རི་ཡར་ཉེས་ཆད་གཅོད་དགོས་པའི་རྒྱུ་མཚན་ཁ་གསལ་དགོས་སྐོར་བརྗོད་ཡོད་འདུག

ཧན་ཇན་སའོ་ (Han Jang Su) ཟེར་བ་དེ་ནི་ཨུ་རུ་སུར་རྟེན་གཞི་བྱས་པའི་བྱང་ཀོ་རི་གཞུང་གི་ཕྱི་འབྲེལ་ཚོང་ལས་དངུལ་ཁང་ (Foreign Trade Bank) གི་སྐུ་ཚབ་འཐུས་ཚབ་ཡིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ ༨ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོང་དང་དངུལ་ཁང་གཉིས་ཐོ་གཞུང་ནག་པོའི་ཁུངས་སུ་བཞག་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁུངས་གཏོགས་རྒྱལ་ཁབ་ཁག་ལ་འགྲུལ་བཞུད་དང་ཚོང་འབྲེལ་བཅད་ཡོད་པ་མ་ཟད།  ཐོ་གཞུང་ནག་པོའི་ནང་འཇུག་འཆར་ཡོད་པའི་དངུལ་ཁང་དེ་རྣམས་ལའང་གཅིག་མཚུངས་ཀྱི་ཉེས་ཆད་གཅོད་འཆར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༠

Leave a Reply