ཉམས་གསོ་བྱས་ཏེ་འཕྲོ་བརླག་ཏུ་བཏང་།  

ས་གནས་མང་ཚོགས་ཀྱིས་དགེ་བ་བསགས་ཏེ་གནའ་བོའི་ལྷ་སྐུ་ལ་ཉམས་གསོ་བྱས་ནས་ཐུན་མོང་མ་ཡིན་པའི་བཟོ་རྩལ་དང་ལོ་རྒྱུས་ཀྱི་རིན་ཐང་སོགས་འཕྲོ་བརླག་ཏུ་བཏང་འདུག་ཟེར།

ཁ་སང་རྒྱ་ནག་གི་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  སི་ཁྲོན་ཞིང་ཆེན་ཨན་ཡེ་བྲག་ཕུག་གི་སུང་རྒྱལ་རབས་སྐབས་བཞེངས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་གཙོ་བོར་གྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུ་མང་པོར་ཉམས་གསོ་བྱས་ཏེ།  ལྷ་སྐུའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་དང་གསོན་ཉམས།  སྒྱུ་རྩལ་གྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་སོགས་བརླག་ཡོད་པར་བརྟེན།  རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྐྱོན་བརྗོད་དང་འབྲེལ་གནའ་རྫས་སྲུང་སྐྱོབ་སྐོར་ལ་གླེང་སློང་མང་པོ་ཡོང་བཞིན་འདུག

དེའི་སྐོར་ཏུན་ཧོང་ཞིབ་འཇུག་ཁང་གི་ཡུས་ལིན་བྲག་ཕུག་གི་འགྲེལ་བརྗོད་པ་ཞུས་ཞུན་གྱིས།  ང་ཚོས་མཐོང་ཐུབ་པ་ལྟར་སི་ཁྲོན་ཨན་ཡེ་བྲག་ཕུག་གིས་ལྷ་སྐུ་བསྐྱར་བྲིས་བྱས་པ་ནི་ཉམས་པ་སླར་གསོ་བྱས་པ་ཞིག་མ་ཡིན་པར་དེ་ནི་གཏོར་བཤིག་བྱེད་ཚད་སྔར་བས་ཆེ་རུ་བཏང་བ་ཙམ་རེད། ཆེད་ལས་མི་སྣ་ཚོས་ཉམས་གསོ་མ་བྱས་གོང་གི་ལྷ་སྐུ་དེར་ཐང་རྒྱལ་རབས་དང་སུང་རྒྱལ་རབས་ཀྱི་ལྷ་སྐུ་བཞེངས་རྩལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་།  སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པ་རེད།  ཉམས་གསོ་བྱས་པ་བརྒྱུད་ཚོན་མདོག་སྤྱོད་ཚུལ་ཀྱི་ཐད་ནས་སྔར་གྱི་གསོན་ཉམས་དོད་པའི་ལྷ་སྐུ་དེ་མི་ཕལ་བ་ཞིག་ཏུ་བཏང་ཡོད་པ་རེད།  ཅེས་བརྗོད་འདུག

ཡང་ཞུས་ཞུན་གྱིས།  རིག་དངོས་སླར་གསོ་བྱས་པ་འདི་མཐོང་བས་སེམས་པ་ཧ་ཅང་སྐྱོ་སོང་།  རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ནང་མངོན་གསལ་གྱིས།  འགུལ་སྐྱོད་མི་རུང་བའི་རིག་དངོས་ཉམས་གསོ་དང་གཅེས་སྐྱོང་།  གནས་སྤོ་བཅས་བྱེད་པར་ངེས་པར་རིག་དངོས་ཀྱི་ཐོག་མའི་རྣམ་པ་མི་བསྒྱུར་བའི་རྩ་དོན་བརྩི་སྲུང་བྱེད་དགོས་པ་གཏན་འབེབས་བྱས་ཡོད།  ལྷ་སྐུ་འདི་དག་ལོ་ངོ་སྟོང་ཕྲག་གི་ལོ་ཟླ་བརྒྱུད་མྱོང་ནའང་བདེ་བར་གནས་ཐུབ།  འོན་ཀྱང་།  ད་ལྟ་གཏོར་བརླག་ཐེབས་འདུག་པས་ཡིད་སེམས་སྐྱོ་དགོས་པ་ཞིག་རེད།  ཅེས་བརྗོད་འདུག

ཞུས་ཞུན་གྱིས་བརྗོད་ན།  སི་ཁྲོན་ཀོང་ཨན་ས་ཁུལ་གྱི་བྲག་བརྐོས་འདྲ་སྐུར་ཡང་ཉམས་གསོ་བྱས་ཏེ་འཕྲོ་བརླག་ཏུ་བཏང་ཡོད་པ་དང་།  ཡུལ་མི་ཞིག་གིས་ལྷ་སྐུ་མང་ཆེ་བ་ས་གནས་ཀྱི་དད་ལྡན་མང་ཚོགས་ཀྱིས་ཉམས་གསོ་བྱས་ཡོད་པ་དང་།  ལྷ་སྐུ་ཉམས་གསོ་བྱས་པ་དེ་དགེ་བའི་ལས་ཤིག་ཏུ་བརྩིས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་གི་དཔྱད་གཞིའི་ཡིག་ཆ་ལྟར་ན།  ཨན་ཡེ་བྲག་ཕུག་ནི་སི་ཁྲོན་ཞིང་ཆེན་ཨན་ཡེ་རྫོང་དུ་ཡོད་པ་དང་།  རྫོང་དེ་ནི་རྒྱ་ནག་གི་གནའ་རབས་ལྷ་སྐུ་མང་པོ་ཡོད་པའི་རྫོང་ཞིག་ཡིན་ཞིང་།  ད་ལྟའི་བར་རྒྱ་ནག་གི་རྒྱལ་རབས་རིམ་བྱུང་གི་བྲག་ཕུག་འདྲ་སྐུ་ཡོད་ས་༢༡༨ ཤེས་རྟོགས་བྱུང་སྟེ།  ལྷ་སྐུ་འབུམ་ ༡ ཙམ་རྙེད་ཡོད་འདུག ཨན་ཡེ་བྲག་ཕུག་ནི་རྒྱལ་རབས་ལྷོ་མའི་སྐབས་སུ་བརྐོས་པ་དང་།  ཐང་དང་སུང་རྒྱལ་རབས་སྐབས་སུ་དར་རྒྱས་སུ་སོང་བ་དང་། མིང་དང་ཆིང་རྒྱལ་རབས་དང་གོ་མིན་ཏང་གཞུང་གི་སྐབས་སུ་དར་རྒྱས་ཆེན་པོ་ཕྱིན། སུང་རྒྱལ་རབས་ཀྱི་འདྲ་སྐུ་ནི་རྒྱ་ནག་གི་བྲག་ཕུག་སྒྱུ་རྩལ་གྱི་ཡང་རྩེར་བསླེབས་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨན་ཡེ་རྫོང་རིག་དངོས་དོ་དམ་ཁང་གིས།  སྤྱན་རས་གཟིགས་ཀྱི་ལྷ་སྐུ་དེ་ནི་ཨན་ཡེ་རྫོང་ཧྥེང་མོན་དགོན་དུ་ཡོད་པ་དང་།  ཕྱི་ལོ་ ༡༩༩༥ ལོར་ས་གནས་མང་ཚོགས་ཀྱིས་རང་འགུལ་ངང་ཧྥེང་མོན་དགོན་ལ་ཉམས་གསོ་བྱེད་སྐབས།  རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པའི་རྐྱེན་གྱིས་བཟོ་བོ་གདན་འདྲེན་ཞུས་ནས་ལྷ་སྐུར་ཚོན་མདོག་གསར་པ་བྱུགས་ཡོད་པ་དང་།  རིག་དངོས་དོ་དམ་ཁང་གིས་གནས་ཚུལ་དེ་ཤེས་རྗེས།  མྱུར་དུ་ཡུལ་དངོས་སུ་ཕྱིན་ནས་མཚམས་འཇོག་ཏུ་བཅུག་ཡོད་ཀྱང་།  ལྷ་སྐུ་གཙོ་བོར་བསྐྱར་བྲིས་བྱས་ཟིན་ཡོད་པ་དང་། དེ་མ་ཐག་ལས་མཚམས་འཇོག་ཏུ་བཅུག་སྟེ་མང་ཚོགས་ནང་གནའ་རྫས་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་བ་བརྒྱུད། དེ་ནས་བཟུང་ལྷ་སྐུ་རྣམས་རང་སོར་བཞག་ནས་ཉམས་གསོ་བྱས་མེད་སྐོར་བརྗོད་འདུག

ཀོང་ཨན་(广安)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤྱི་ཚོགས་ལས་དོན་ཁང་གིས་ཀྱང་གནད་དོན་དེའི་སྐོར་ལ་གསལ་བཤད་ཅིག་བྱས་པའི་ནང།  ཉམས་གསོའི་ཁྲོད་འཕྲོ་བརླག་ཏུ་ཕྱིན་པའི་སྤྱན་རས་གཟིགས་ཀྱི་འདྲ་སྐུ་དེ་ནི་ཕྱི་ལོ་༡༩༨༣  ལོར་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་ཁུངས་སུ་ཚུད་ཡོད་པ་དང་།  ཕྱི་ལོ་༡༩༩༤ ལོར་ས་གནས་མང་ཚོགས་ཀྱིས་ཉམས་གསོ་དང་བསྐྱར་བྲིས་བྱས་པ་མ་ཟད།  སྐབས་དེར་ལྷ་སྐུ་གསར་པ་ཁག་ཅིག་ཀྱང་བཞེངས་པ་རེད།  རྗེས་སུ་རིག་དངོས་དོ་དམ་ཁང་གིས་ཉམས་གསོ་མཚམས་འཇོག་ཏུ་བཅུག་པ་མ་ཟད།  མི་སྣ་ཆེད་མངགས་ཀྱིས་ལྟ་སྲུང་བྱེད་དུ་བཅུག་ཡོད་ཀྱང་།  ཕྱི་ལོ་༢༠༡༥ ལོར་མང་ཚོགས་ཀྱིས་ཡང་བསྐྱར་རང་འགུལ་གྱིས་བཞེངས་བའི་ལྷ་སྐུ་ཁག་ཅིག་ལ་ཚོན་མདོག་བྱུག་བྱས་པ་རེད།  ཅེས་བསྒྲགས་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༡༣

Leave a Reply

One thought on “ཉམས་གསོ་བྱས་ཏེ་འཕྲོ་བརླག་ཏུ་བཏང་།  

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སྙིང་གཏོར་གསར་འཛུགས་ལ་ངོས་འཛིན་དགོས་རེད་དམ་སྔ་མོ་
    བོད་ཀྱིས་གཏམ་དཔེ་ལ་དཀོན་གཉེར་བདག་འདོད་ཆེ་ན་
    གསེར་སྐུ་ཟང་འགྱུར་ཟེར་བའི་དཔེ་དེ་མ་རེད་དམ་།