ལྷོ་བྱང་ཀོ་རི་ཡའི་གཉེན་འཕྲད།

ཀོ་རི་ཡར་དམག་འཁྲུག་བྱུང་སྟེ་ལྷོ་བྱང་གཉིས་སུ་གྱེས་སྐབས་ནང་མི་ས་ཡ་འགའ་ཁ་ཁར་སོང་ཡོད་པ་ལས་མི་ ༡༧༢ ཙམ་བྱང་ཀོ་རི་ཡར་ནང་ལྷན་འཛོམས་བྱུང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ནང་ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་འཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ནང་མི་ཁ་ཁར་ཕྱིན་པ་རྣམས་ཐུག་འཕྲད་བྱེད་དུ་འཇུག་པའི་ལས་གཞི་བསྐྱར་གསོ་བྱས་ཡོད་པ་ལྟར། དེ་རིང་བྱང་ཀོ་རི་ཡའི་རི་བོ་ཀོམ་གྷང་ (Mount Kumgang) ཟེར་བའི་ཡུལ་སྐོར་སྤྲོ་འཆམ་གླིང་ཞིག་ཏུ། ལྷོ་ཀོ་རི་ཡ་ནས་མི་ ༨༩ དང་བྱང་ཀོ་རི་ཡ་ནས་མི་ ༨༣ བཅས་ནང་མི་ཁ་ཁར་གྱེས་པའི་མི་གྲངས་ ༡༧༢ ལྷན་འཛོམས་བྱུང་ཡོད་པ་དང་། ཁོང་ཚོ་ཉིན་གྲངས་ ༣ རིང་ཁྱོན་ཆུ་ཚོད་ ༡༡ ཙམ་རིང་ཐུག་ཆོག་གི་ཡོད་འདུག

ཐེངས་འདིའི་གཉེན་འཕྲད་ཁྲོད་ལོ་ན་ཆེ་ཤོས་ ༡༠༡ དང་། ནང་མི་མང་ཆེ་བ་ཞིག་ལོ་ ༨༠ ཡན་ཡིན་སྟབས། ཐུག་འཕྲད་སྐབས་འཁོར་ལོའི་ནང་དུ་བསྡད་དེ་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་རོགས་འདེགས་བྱེད་ཀྱི་ཡོད་པ་མ་ཟད། ཉེན་རྟོག་པའི་ལྟ་རྟོག་འོག་ཐུག་འཕྲད་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༥༠ ནང་ཀོ་རི་ཡའི་དམག་འཁྲུག་བྱུང་སྟེ་ལྷོ་བྱང་གཉིས་སུ་གྱེས་རྗེས། ཕྱི་ལོ་ ༢༠༠༠ ལོར་ཁ་ཁར་ཕྱིན་པའི་ནང་མི་ཚོར་གཉེན་འཕྲད་ཀྱི་གོ་སྐབས་ཐེངས་དང་པོ་ཐོབ་ཡོད་པ་དང་། དེ་ནས་བཟུང་ད་ལྟའི་བར་ཐེངས་ ༢༠ ལ་ནང་མི་ཐུག་འཕྲད་བྱེད་དུ་བཅུག་ཡོད་འདུག དང་ཐོག་ལྷོ་བྱང་གཉིས་ནས་གཉེན་འཕྲད་ལ་ཐོ་རྒྱག་མཁན་ཧ་ཅང་མང་པོ་བྱུང་ཡོད་ཀྱང་།  སྐབས་དེའི་གཉེན་ཉེ་དང་ཕ་མའི་པར་སོགས་ཅི་ཡང་མེད་རྐྱེན་འདས་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མ་ཐུབ་པར་བརྟེན། ཕྱོགས་གཉིས་ཀྱི་ནང་མི་མང་པོ་ཞིག་རེ་བ་ཟད་དེ་ལྷག་ཡོད་འདུག

ཐེངས་འདིའི་གཉེན་འཕྲད་ཁྲོད་རང་ལོ་ ༩༢ ཡིན་པའི་རྨོ་ལའེ་ཁུམ་སུམ་ (Lee Keum-seom) ལགས་ཀྱིས་གསར་འགོད་པར། མོ་རང་བུ་ལ་ཐུག་པར་འགྲོ་ཡི་ཡོད་པ་དང་། ལྷོ་བྱང་དམག་འཁྲུག་སྐབས་ཁོང་བཟའ་མི་ཚང་མ་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་ཕྱིན་སྐབས། ལམ་བར་ནས་མོའི་བཟའ་ཟླ་དང་སྐབས་དེར་ལོ་ ༤ ལས་སོན་མེད་པའི་བུ་བོར་བརླག་ཏུ་ཕྱིན་ནས་ནང་མི་ཁ་ཁར་ཆགས་ཡོད་པ་དང་། མི་ལོ་ ༦༠ ཙམ་གྱི་རྗེས་ནས་ཐོག་དང་པོར་བུ་ལ་ཐུག་གི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༢༠

Leave a Reply