བོད་དང་ཐའེ་ཝན་རང་བཙན་ལ་བསམ་ཚུལ་བསྡུས།

ཧོང་ཀོང་མི་མང་ནང་བསམ་ཚུལ་བསྡུ་ལེན་བྱས་པ་ལྟར་ན་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༡༩ དང་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༣༤ ཆགས་འདུག་ཟེར།ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་(The University of Hong Kong )གིས་ཁ་པར་བརྒྱུད་བོད་དང་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་མེད་སྐོར་ཧོང་ཀོང་མང་ཚོགས་ནང་བསམ་ཚུལ་བསྡུ་ལེན་བྱས་ཏེ་སྙན་ཐོ་ཞིག་བཏོན་པ་ལྟར་ན། ཧོང་ཀོང་མི་མང་བརྒྱ་ཆ་ ༡༩ ཡིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་། བརྒྱ་ཆ་ ༦༣ ཙམ་གྱིས་མོས་མཐུན་བྱས་མེད་པ་དང་། དེ་བཞིན་མང་ཚོགས་བརྒྱ་ཆ་ ༣༤ ཡིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་པ་དང་། རྒན་པའི་ནང་རྒྱབ་སྐྱོར་བྱེད་མཁན་ཉུང་ཡང་། གཞོན་སྐྱེས་བརྒྱ་ཆ་ ༦༠ ཙམ་གྱིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་འདུག

ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་ཚན་པ་དེའི་འགན་འཛིན་ཧྥི་རན་ཁུ་ལི་(Frank Lee)ལགས་ཀྱིས། སྤྱིར་བཏང་ཧོང་ཀོང་གི་མི་མང་ཤོས་ཀྱིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། ཐའེ་ཝན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། ད་ལན་གྱི་ཞིབ་འཇུག་ཁྲོད་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༥༩ བྱུང་སྟེ། ཕྱི་ལོ་ ༡༩༩༣ ལོར་ནས་རྩིས་པའི་རྒྱབ་སྐྱོར་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་གཙུག་ལག་སློབ་གཉེར་ཁང་དེས་ཐའེ་ཝན་རང་བཙན་ཐད་བསམ་ཚུལ་བསྡུ་ལེན་བྱས་སྐབས། མི་མང་བརྒྱ་ཆ་ ༣༥ དང་གཞོན་སྐྱེས་བརྒྱ་ཆ་ ༦༧ གྱིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་འདུག རྒྱ་ནག་གཞུང་གི་གནོན་ཤུགས་སོགས་ལ་བརྟེན་ནས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་དང་མི་སྒེར་བཅས་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་ནམ་ཡང་ཁ་འབྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་བརྗོད་དེ། རྒྱ་ནག་རྒྱལ་ཁབ་གཅིག་ཅེས་པའི་སྲིད་བྱུས་མཁྲེགས་འཛིན་བྱས་ནས་ཐའེ་ཝན་དང་འབྲེལ་ལམ་བཟང་བའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་སྟབས། ཐའེ་ཝན་སྲིད་འཛིན་ལྕམ་ཚེ་ཡེ་ཝན་ལགས་ཀྱིས་ཉིན་ཞིག་རྒྱ་ནག་གིས་ཐའེ་ཝན་གྱི་དམངས་གཙོ་དང་རང་དབང་། དེ་བཞིན་ཚོང་འབྲེལ་རང་དབང་བཅས་ལ་གནོན་ཤུགས་སྤྲོད་སྲིད་པས། འཛམ་གླིང་གི་སྲིད་གཞུང་ཁག་གིས་ཐའེ་ཝན་དང་མཐུན་སྒྲིལ་གྱིས་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ཕུགས་མདུན་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་དང་། གལ་སྲིད་དེ་ལྟར་མ་བྱས་ཚེ་དཀའ་ངལ་འདི་ནི་ཐའེ་ཝན་གཅིག་པུའི་མ་ཡིན་པར་འཛམ་གླིང་རྒྱལ་ཁབ་གཞན་སུ་ལའང་འཕྲད་སྲིད་པའི་དཀའ་ངལ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། དེ་སྔོན་འཛམ་གླིང་གི་རྒྱལ་ཁབ་ ༡༨ ཀྱིས་ཐའེ་ཝན་ལ་འབྲེལ་ལམ་ཡག་པོ་བཟུང་ཡོད་ཀྱང་། ཁ་སང་ལཱ་ཏིན་ཨ་མི་རི་ཁའི་རྒྱལ་ཁབ་ཨིལ་སལ་ཝ་ཌོ་ཡིས་ཐའེ་ཝན་དང་རྒྱལ་འབྲེལ་མཚམས་འཇོག་བྱས་ཏེ་རྒྱ་ནག་ལ་འབྲེལ་ལམ་བཙུགས་ཡོད་པ་དང་། གནས་ཚུལ་དེའི་ཐད་ལྕམ་ཚེ་ཡེ་ཝན་གྱིས་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་ཀྱིས་རྒྱལ་སྤྱིའི་ཚོང་འབྲེལ་རང་དབང་གི་སྒྲིག་ལམ་གཏོར་བཤིག་བཏང་སྟེ་གོ་ལའི་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་འདུག ཅེས་སྐྱོན་བརྗོད་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༢༢

Leave a Reply

2 thoughts on “བོད་དང་ཐའེ་ཝན་རང་བཙན་ལ་བསམ་ཚུལ་བསྡུས།

  1. སྲས་སྐུ་ངོ་།

    ཇུས་མེད་ཇུས་ཏོག་རང་རེད། དང་པོ། ཧོང་ཀོང་རྒྱ་ནག་ཏང་ཇག་འོག་ནས་རང་བཙན་ཐོབ་པར་་བྱོས། མ་གཞི་གསར་འགོད་པ་ལ་འབྲི་རྒྱུ་མེད་པ་འདྲ། ཨ་རི་དང་རྒྱ་ནག་གི་ཚོང་ལས་དམག་འཁྲུགས ཡང ན་། ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་མཚོན་ཆ་འགྲན་བསྡུར། ཡང་མིན་ན་ ལོ་སྔོན་མར་་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་དམིགས་བསལ་རྟོགས་ཞིབ་ཚོགས་ཆུང་བཅས་ཀྱི་སྐོར་ལ་བྲིས་ན་དགེ་ཕན་ཆེ། ་

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སྐད་ཆ་འདི་འགན་མེད་འགན་འཁུར་དང་ཇུས་མེད་ཇུས་ཏོག་མ་རེད་དམ་
    བོད་ཀྱི་རང་བཙན་བོད་མིའི་ལེན་དགོས་པ་ལས་ཕྱིའི་རྒྱལ་ཁབ་སུ་ལའང་ཇུས་ཏོག་
    འགན་འཁུར་བྱ་རྒྱུའི་ཁྲིམས་ལུགས་དང་བཟང་སྤྱོད་གང་གི་ཆ་ནས་མེད་ན་སྐད་ཆ་
    དེ་ནི་གཏམ་ཨ་ཕས་མ་བཤད་ཨ་མས་བཤད་ཁྱི་བདག་པོའི་
    མ་བཀག་མགྲོན་པོའི་བཀག་ཟེར་བའི་སྔ་མོ་བོད་ཀྱི་གཏམ་དཔེ་དེ་མ་རེད་དམ་།