རྒྱལ་ཚོཊ་གྱིས་འབར་མའི་དམག་སྤྱི་ཆེན་མོ་འགའ་ཁྲིམས་གཏུག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་འབར་མའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་མེན་འོན་ཡཱང་གི་གཙོས་དམག་སྤྱི་ཆེན་མོ་ ༦ གི་སྣེ་འཁྲིད་འོག་རོ་ཧིན་གྷ་ཁ་ཆེ་མི་རིགས་རྩ་མེད་གཏོང་བའི་དྲག་སྤྱོད་སྤེལ་ཡོད་པའི་ནག་ཉེས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཀྱི་ཡོད་འདུག

དེ་རིང་རོའུ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ ༣ ལས་གྲུབ་པའི་རྒྱལ་སྤྱིའི་དངོས་བདེན་ཞིབ་འཇུག་ཚོགས་ཆུང་གིས། འབར་མའི་དྲག་དམག་གིས་རོ་ཧིན་གྷ་ཁ་ཆེ་མི་རིགས་དྲག་གནོན་བྱས་སྐོར་ལ་ཞིབ་འཇུག་གིས་ཤོག་གྲངས་ ༤༠༠ ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོའི་ནང་འབར་མའི་དྲག་དམག་གིས་རོ་ཧིན་གྷ་གྲངས་ཉུང་མི་རིགས་རྩ་མེད་གཏོང་བའི་དྲག་སྤྱོད་སྤེལ་ཡོད་སྐོར་གྱི་དཔང་མི་ ༧༥ ལ་བཅར་འདྲི་བྱས་པ་བརྒྱུད། བརྙན་པར་དང་ཡིག་ཆ་སོགས་ཁུངས་སྐྱེལ་རིགས་ ༨༧༥ འཚོལ་སྡུད་བྱས་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། འབར་མའི་དྲག་དམག་སྤྱི་ཁྱབ་དཔོན་པོ་གྱི་གཙོས་དམག་སྤྱི་ཆེན་མོ་ ༦ ཡི་མིང་ཐེར་འདོན་བྱས་ཏེ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(International Criminal Court) གིས་དམག་དཔོན་དེ་ཚོར་འདྲི་ཞིབ་དགོས་པའི་ཞུ་གཏུག་བྱེད་བཞིན་ཡོད་འདུག

ནག་ཉེས་ཞུ་གཏུག་བྱེད་བཞིན་པའི་དམག་སྤྱི་རྣམས་ནི་འབར་མའི་དྲག་དམག་སྤྱི་ཁྱབ་དཔོན་པོ་མེན་འོན་ཡཱང་(Min Aung Hlaing) གི་གཙོས་དམག་སྤྱི་ཆེན་མོ་(Maung Maung Soe, Aung Kyaw Zaw,Tun Tun Nyi,General Aung Aung,General Soe Win) བཅས་ཡིན་པ་དང་། སྙན་ཐོའི་ནང་ཁོ་ཚོའི་སྣེ་འཁྲིད་འོག་གྲངས་ཉུང་མི་རིགས་རྩ་མེད་གཏོང་བའི་དྲག་སྤྱོད་སྤེལ་ཡོད་པའི་ཞིབ་ཕྲའི་གནས་ཚུལ་བཀོད་དེ། ཁ་ཆེ་མི་རིགས་སྡེབ་གསོད་དང་ཡུལ་མི་འབུམ་ ༧ ལྷག་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་ཉེས་དོན་གྱི་འགན་འཁྲི་ཆ་ཚང་དམག་དཔོན་དེ་ཚོར་ཡོད་སྐོར་བརྗོད་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་དོན་འདྲི་ཞིབ་ཚོགས་ཆུང་གི་ཚོགས་གཙོ་མར་ཛོ་ཁེ་ཌ་རུ་སི་མན་(Marzuki Darusman)གྱིས། ངའི་ཞིབ་འཇུག་ཚོགས་ཆུང་གིས་དྲག་གནོན་བྱུང་བའི་ཡུལ་ངོས་ཀྱི་གནས་ཚུལ་ངོ་མ་མཐོང་བའི་བརྙན་དང་པར་རིས་སོགས་༨༧༥ འཚོལ་སྡུད་བྱས་ཡོད་པ་དང་། དེ་དག་གིས་རོ་ཧིན་གྷའི་དྲག་གནོན་གྱི་གནས་ཚུལ་གསལ་བོ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། ང་ཚོ་མིའི་རིགས་ཀྱི་འཚོ་བ་ལྷོད་པོ་ཡོང་ཆེད་ང་ཚོ་ཚང་མའི་སྟེང་ན་འགན་འཁྲི་རེ་ཡོད་པས། རོ་ཧིན་གྷ་ཁ་ཆེ་མི་རིགས་ལ་དྲག་གནོན་བྱས་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྡབ་གསིག་བཏང་བའི་བྱ་སྤྱོད་ཅིག་རེད། འབར་མའི་དམག་གིས་ཚད་ལས་བརྒལ་བའི་དམུ་རྒོད་ཀྱི་སྤྱོད་ཚུལ་བསྟན་ཡོད་པ་དང་། ཁོ་ཚོ་ནི་འགྲོ་བ་མིའི་འཚོ་བར་བརྩི་འཇོག་མི་བྱེད་མཁན་ཤ་སྟག་རེད་འདུག་ལ། རོ་ཧིན་གྷ་ཁ་ཆེ་མི་རིགས་མུ་མཐུད་དྲག་གནོན་ཆེན་པོའི་གནས་སྟངས་འོག་ལྷག་འདུག ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་པ་ཁི་རེ་སི་ཊོ་ཧྥིར་སེ་དྷོ་ཊི (Christopher Sidoti) ལགས་ཀྱིས། འབར་མའི་དྲག་དམག་གིས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་ཡོད་པ་ཁུངས་སྐྱེལ་ཐུབ་ཀྱི་ཡོད་སྟབས། ཁོ་ཚོའི་ནག་ཉེས་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུག་བྱེད་འོས་པ་ཞིག་ཡིན་ལ། འབར་མ་གཞུང་གི་དྲག་པོའི་མཐོ་རིམ་མགོ་འཁྲིད་དེ་དག་གིས་སྒང་ནས་དྲག་གནོན་གྱི་ལས་འཆར་སྤེལ་མེད་པ་ཡིན་ན་འོག་ནས་གནས་སྟངས་ཛ་དྲག་པོ་འདི་འདྲ་ཞིག་བྱུང་མི་སྲིད་པ་དང་། རོ་ཧན་གྷའི་གནད་དོན་དེ་གོང་རིམ་མགོ་འཁྲིད་ཚོ་དང་འབྲེལ་བ་ཡོད་པ་གསལ་བོ་ཡིན་སྟབས། ཉེས་དོན་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(International Criminal Court)ནས་འདྲི་ཞིབ་དགོས་པའི་ཞུ་གཏུག་སྙན་ཞུ་འབུལ་བཞིན་ཡོད་སྐོར་བརྗོད་འདུག

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་དོན་སྙན་ཐོ་འདིས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཆབ་སྲིད་མགོ་འཁྲིད་ལྕམ་ཨང་སང་སུ་ཅི་དང་འབར་མའི་ཞི་བའི་མགོ་འཁྲིད་མང་པོ་ཞིག་ལ་དྲག་པོའི་བྱ་སྤྱོད་དེར་སྟངས་འཛིན་ཀྱི་དབང་ཆ་མེད་པར་ངེས་འཛིན་གནང་གི་ཡོད་ཀྱང་། ཞི་བའི་མགོ་འཁྲིད་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་སྡུག་སྦྱོང་མནར་གཅོད་དེ་དག་གནང་མེད་དུ་བཞག་པའི་རྐྱེན་གྱིས། ཁོ་ཚོ་ལའང་ཁྲིམས་འགལ་གྱི་ནག་ཉེས་ཡོད་སྐོར་བརྗོད་འདུག

འབར་མ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་དེར་འབར་མའི་ནང་དུ་འགྲོ་སྐྱོད་ཆོག་པའི་ཆོག་མཆན་མ་སྤྲད་པའི་རྐྱེན་གྱིས། ཞིབ་འཇུག་ཚོགས་ཆུང་དེར་དྲག་གནོན་འོག་གནོད་འཚེ་ཕོག་སྐོར་ར་སྤྲོད་བྱེད་ཐུབ་མཁན་གྱི་མི་གྲངས་ ༧༥ ལྷག་ཙམ་ལ་བཅར་འདྲི་བྱས་པའི་ཁུངས་སྐྱེལ་བརྙན་པར་དང་ཡིག་ཆ་རྣམས་རག་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་དེས་གྲུབ་དོན་སྙན་ཐོ་དེ་འབར་མ་གཞུང་ལ་སྤྲད་ཡོད་ཀྱང་། ད་ལྟའི་བར་དུ་འབར་མ་གཞུང་ཕྱོགས་ནས་བརྡ་ལན་གང་ཡང་བྱུང་མེད་པ་རེད།

གཞན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་དེས། རོ་ཧན་གྷ་ཁ་ཆེ་མི་རིགས་ལ་བྱུང་བའི་ཁྲིམས་འགལ་གྱི་དྲག་གནོན་འདི་ལྟ་བུ་ཨ་ཧྥི་རི་ཁའི་རྒྱལ་ཁབ་སུ་ཌན་(Sudan) དང་རོ་བན་ཌ་(Rwanda)། དེ་བཞིན་ཡུ་རོབ་ཀྱི་བྷོ་སི་ནི་ཡ་(Bosnia) ནང་དུའང་བྱུང་ཡོད་སྐོར་བརྗོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༢༨

Leave a Reply