རྒྱུན་སྤྱོད་ཐ་སྙད་འགྲན་བསྡུར་བྱས།

རྒྱུན་སྤྱོད་ཐ་སྙད་འགྲན་བསྡུར་མཛད་སྒོའི་སྟེང་སམ་བྷོཊ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་བོད་པའི་སྐད་ཡིག་འདིར་བསྡོམས་ཤིག་བརྒྱབ་པ་ཡིན་ན་འཛམ་གླིང་གི་འཇིགས་ཉེན་ཅན་གྱི་སྐད་ཡིག་ནང་དུ་ལྷུང་ཡོད་པས་ང་ཚོའི་གནས་སྟངས་དེ་ཚོར་དགོས་པ་དང་ཧ་གོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་། བཞུགས་སྒར་ཉེ་ཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ། སློབ་གཉེར་ཁང་དེའི་སློབ་མ་ཚོས་གོ་སྒྲིག་གནང་བཞིན་པའི་སྐབས་ ༣ པའི་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་འགྲན་བསྡུར་དང་བགྲོ་གླེང་ཆེན་མོ་ཞེས་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་རྩོམ་སྒྲིག་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་དང་སམ་བྷོཊ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས། དེ་བཞིན་ཚོགས་ཞུགས་སློབ་གྲྭ་ཁག་ ༡༦ གི་ཆེད་བཅར་སློབ་ཕྲུག་དང་ཉེ་འཁོར་དགོན་སྡེ་ཁག་ཅིག་གི་དགེ་འདུན་པ། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་རྒྱུན་སྤྱོད་ཐ་སྙད་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དངོས་གྲུབ་རྒྱལ་མཚན་ལགས་ནས་རྒྱུན་སྤྱོད་ཐ་སྙད་འགྲན་བསྡུར་བྱེད་དགོས་པའི་དམིགས་ངོ་སྤྲོད་གནང་དོན། ཐ་སྙད་འགྲན་བསྡུར་འདི་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་དེང་སང་བོད་པའི་སྐད་ཡིག་དེ་ཧ་ཅང་ཉག་ཕྲ་བའི་གནས་སུ་ལྷུང་ཡོད་པ་དང་། སྤྱིར་མི་རིགས་ཤིག་གི་སྐད་ཡིག་གཉིས་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་སྐད་ཡིག་དེའི་ནང་ཡོད་པའི་ཐ་སྙད་ཁག་བེད་སྤྱོད་མ་བྱས་པ་ལས་འགྲོ་བཞིན་ཡོད་པ་དང་། བོད་པ་གང་དུ་ཡོད་པའི་སྤྱི་ཚོགས་ནང་བོད་པའི་སྐད་དང་ཡི་གེ་གཉིས་ལ་སྐད་ཡིག་གཞན་པའི་ཤན་ཤུགས་ཐེབས་ཏེ་ཉམས་ཆགས་སུ་འགྲོ་བསྡད་ཡོད་དུས། ང་ཚོས་ཆེད་དུ་དེ་དག་ལ་དམིགས་ཏེ་བོད་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཐབས་ལ་ལོ་རེ་བཞིན་འགྲན་བསྡུར་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་སམ་བྷོཊ་སྤྱི་ཁྱབ་འགན་འཛིན་ལགས་ནས་ཐེངས་འདིའི་ཐ་སྙད་འགྲན་བསྡུར་དང་འབྲེལ་ནས་གསུང་བཤད་གནང་སྐབས། རྩ་བའི་ཆ་ནས་འཛམ་གླིང་ཡོངས་སུ་སྐད་རིགས་མི་འདྲ་བ་ ༦༨༠༠ ལྷག་ཅིག་ཡོད་ན་ཡང་། དེ་དག་གི་ཁྲོད་ནས་སྐད་ཡིག་ ༢༠༠ ལྷག་རྩ་བརླགས་ཏུ་ཕྱིན་ཚར་བ་ཞིག་རེད། འཛམ་གླིང་གི་སྐད་བརྡ་རིག་པ་བ་དང་སྐད་བརྡ་མཁས་དབང་ཚོས་ད་དུང་ཡང་སྐད་རིགས་ ༢༥༠༠ ཞིག་སྔ་ཕྱི་མ་གཏོགས་རྩ་བརླགས་འགྲོ་གཞིའི་ཉེན་ཁ་ཡོད་པར་བརྗོད་ཡོད་པ་རེད། ཁོ་ཚོས་བསྡོམས་རྩིས་ག་འདྲ་ཞིག་བརྒྱབ་ཡོད་པ་རེད་ཅེས་ན་དུས་རབས་ ༢༡ པ་མཇུག་བསྡུ་བའི་སྐབས་སུ་ད་ལྟ་ཡོད་པའི་སྐད་རིགས་བརྒྱ་ཆ་ ༦༠ ནས་ ༨༠ བར་རྩ་མེད་འགྲོ་བ་རེད་ཅེས་ཚོད་དཔག་བྱས་ཡོད་པ་རེད། དེ་ལྟ་བུའི་ཚོད་དཔག་འོག་ནས་བོད་པའི་སྐད་ཡིག་དེ་གནས་བབ་ག་འདྲ་ཞིག་ཏུ་ལྷུང་ཡོད་དམ། ལྷག་པར་དུ་ང་ཚོ་བཙན་བྱོལ་ལ་འབྱོར་ནས་སྐད་ཡིག་ལ་དོ་ཕོགས་ག་འདྲ་འགྲོ་ཡི་ཡོད་པ་དང་། བོད་ནང་ནས་རྒྱ་ནག་གིས་བོད་སྐད་བོད་ཡིག་བེད་སྤྱོད་གཏོང་མ་བཅུག་པ་སོགས་ཀྱིས་དོ་ཕོགས་ག་འདྲ་འགྲོ་ཡི་ཡོད་པ་རེད། བོད་པའི་སྐད་ཡིག་འདིར་བསྡོམས་ཤིག་བརྒྱབ་པ་ཡིན་ན་ཉེན་ཁ་ཅན་གྱི་སྐད་ཡིག་ནང་དུ་ལྷུང་ཡོད་པ་རེད། ཉེན་ཁ་ཅན་གྱི་སྐད་ཡིག་ནང་ལྷུང་ཟིན་པ་དེ་ང་ཚོའི་ཚོར་དགོས་པ་དང་ཧ་གོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ལ། ཐ་སྙད་འགྲན་བསྡུར་འདི་ལྟ་བུ་སོགས་དེ་འགོག་ཐབས་དང་སྲུང་སྐྱོབ་བྱེད་རྒྱུའི་ཐབས་ཤེས་ཤིག་ཆགས་ཀྱི་ཡོད་སྐོར་བརྗོད་སོང་།

ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ནས་ཐེངས་འདིའི་ཐ་སྙད་འགྲན་བསྡུར་དེ་གོ་སྒྲིག་ཚགས་ཚུད་པོ་དང་གྲ་རྒྱས་པོ་ཞེ་དྲག་གནང་འདུག་པར་ཤེས་རིག་ལས་ཁུངས་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ལ། གོ་སྒྲིག་གནང་བ་ཙམ་མ་ཡིན་པར་འཛུལ་ཞུགས་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད་དུས་དགེ་རྒན་ཚོས་སྣེ་འཁྲིད་པའི་འོག་སློབ་ཕྲུག་མང་པོ་འཛུལ་ཞུགས་གནང་བ་དཔེ་ཡག་པོ་རེད། ནམ་རྒྱུན་ཡོངས་གྲགས་སུ་བཤད་བསྡད་པ་ལྟར་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན། མི་རིགས་གནས་དང་མ་གནས་དེ་སྐད་ཡིག་ལ་རག་ལས་བསྡད་ཡོད་པ་རེད། དེ་ཡིན་དུས་སྐད་ཡིག་གི་ནང་དུ་ཐ་སྙད་དེ་མེད་ཐབས་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། དཔེར་ན་བོད་སྐད་གཙང་མ་ཞིག་སྐྱོན་དགོས་པ་རེད་ཅེས་ན་དཀའ་ངལ་འཕྲད་ས་གཙོ་བོ་དེ་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། བར་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་ག་རེ་ཕེབས་ཀྱི་ཡོད་པ་རེད་ཅེས་ན་ང་རང་ཚོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དེ་འཛམ་གླིང་གི་སྐད་ཡིག་གཞན་དང་འགྲན་ཐབས་མེད་པའི་སྐད་ཡིག་ཕྱུག་ཐག་ཆོད་ཅིག་ཆགས་བསྡད་ཡོད་པ་རེད། ཡིན་ན་ཡང་ང་ཚོས་འཐུས་ཤོར་དེ་དེང་དུས་ཤེས་ཡོན་སྒང་ལ་ཕྱིན་བསྡད་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། དེང་དུས་ཤེས་རིག་ལབ་དུས་ཚན་རིག་དང་ཁྲིམས། ཆབ་སྲིད་དང་སྨན་ས་སོགས་པའི་སྒང་ལ་འཐུས་ཤོར་ཕྱིན་བསྡད་ཡོད་པ་རེད། རིག་པའི་གནས་དེ་དག་ང་རང་ཚོའི་སྐད་ཡིག་ནང་དུ་ནང་འདྲེན་བྱེད་ཐུབ་པ་ཡིན་ན་སྐད་ཡིག་དེ་གནའ་དེང་ཟུང་དུ་འབྲེལ་བའི་སྐད་ཡིག་དང་ཤེས་ཡོན་སྤུས་དག་པོ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་ཐ་སྙད་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་ལ་ཐེངས་འདིར་ཐ་སྙད་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་མཁན་སློབ་གྲྭ་ཁག་ག་ཚོད་ཡོད་པ་དང་འགྲན་བསྡུར་དེ་རྣམ་པ་ག་འདྲ་ཞིག་གི་ངོས་ནས་བྱེད་ཀྱི་ཡོད་སོགས་དྲིས་པར། མ་གཞི་དེ་སྔོན་ཡིན་ན་ང་ཚོས་སློབ་གྲྭ་མི་འདྲ་བ་ ༢༡ ཙམ་ལ་སྐད་བཏང་ཡོད་ན་ཡང་། རྗེས་སུ་སློབ་གྲྭ་ཁག་ཅིག་གིས་གནས་སྟངས་མང་པོ་ཞིག་གིས་བཅར་ཐུབ་ཀྱི་མེད་སྐོར་བརྗོད་ནས་འཛུལ་ཞུགས་བྱས་མ་སོང་། ད་ལྟ་དངོས་སུ་འཛུལ་ཞུགས་བྱས་ཡོད་མཁན་སློབ་གྲྭ་ ༡༦ ཡོད་པ་དང་དེ་དག་བོད་ཁྱིམ་སློབ་གྲྭ་ཁག་དང་སམ་བྷོཊ་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་དྷ་སའི་གནས་གཡོན་གྱི་མཐོ་སློབ་ཁག་དང་དགོན་སྡེ་ཁག་བཅས་ནས་ཡོད་པ་རེད། ཐེངས་འདིའི་ཐ་སྙད་འགྲན་བསྡུར་དེ་ཉིན་གཉིས་ཀྱི་རིང་བྱེད་ཀྱི་ཡོད་ལ། འགྲན་བསྡུར་གྱི་བརྒྱུད་རིམ་རྣམ་པ་དེ་མང་རྒྱུག་མང་བྲིས་དང་དཔོད་བྲིས། འགྲིག་རྟགས་ནོར་རྟགས། པར་རིས་ངོས་འཛིན། དངོས་པོ་ངོས་འཛིན། རྣམ་འགྱུར་ངོས་འཛིན། བྲོ་བ་ངོས་འཛིན། ནོར་བཅོས་བཅས་ཡོད་པ་དང་། ཉིན་དང་པོར་ང་རང་ཚོའི་དཔར་སྐྲུན་བྱས་པའི་དེབ་ཆུང་རང་གི་ངོས་ཀྱི་ཐ་སྙད་ཁག་ལ་འགྲན་བསྡུར་བྱེད་རྒྱུ་ཡིན། ཉིན་གཉིས་པར་སློབ་མ་ཚོར་སྐད་ཡིག་དང་སྐད་ཡིག་གི་མ་འོངས་པའི་གནས་སྟངས་སོགས་ཀྱི་ཐད་བསམ་ཚུལ་དང་བགྲོ་གླེང་སོགས་གོ་སྒྲིག་བྱས་ཡོད། ཅེས་བརྗོད་སོང་།

ཐེངས་འདིར་ཐ་སྙད་འགྲན་བསྡུར་གོ་སྒྲིག་གནང་མཁན་ཚོས་ངོས་ནས་རྒྱུན་སྤྱོད་ཐ་སྙད་ལག་དེབ་ཅེས་པའི་དེབ་ཆུང་ཞིག་དཔར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་རིག་ཚན་མི་འདྲ་བའི་ཐ་སྙད་ཚན་པ་ ༡༦ ལྷག་པར་རིས་དང་མཉམ་དུ་ཡོད་པ་དང་གཞན་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་ཐ་སྙད་ ༣༠ ལྷག་བཅས་ཁྱོན་ཐ་སྙད་ ༦༠༠ ལྷག་ཕྱོགས་བསྡུས་བྱས་ཏེ། ཟླ་གཅིག་ལྷག་སྔོན་ནས་སློབ་གྲྭ་ཁག་ནང་འགྲེམས་སྤེལ་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༠༣

Leave a Reply

3 thoughts on “རྒྱུན་སྤྱོད་ཐ་སྙད་འགྲན་བསྡུར་བྱས།

  1. སམ་བྷོ་ཊའི་མགན་འཛིན་ཡར་འཕེལ་གྱི་དེ་ལྟར་བཤེད་པ་ནས་ཤེས་ཡོན་ལྟེ་གནས་ཁང་གཅིག་གི་སྐུ་ཚབ་ཡིན་པའི་ཆ་ནས་ངོ་ཚ་བོ་རེད།རྫུན་གཏམ་བཤེད་བྱེད་ན་འབྲིག་གི་རེད་བསམ་གྱི་ཡོད་པ་འབྲ་མི་གཞན་རྣམས་གླེན་འཐོམས་རེད་བསམ་གྱི་ཡོད་པ་འབྲ་།་མི་དེ་ལ་བཟང་སྤྱོད་དང་ངོ་ཚ་མེད་པ་གསལ་པོ་རིད།་ཤེས་རིག་ནས་མི་དེ་འབྲ་མགན་འཛིན་ལ་བསྐོ་བཞག་གནང་བ་ནས་ནོར་འཁྲུལ་ཆེན་པ་རེད་མི་དེ་འབྲ་ལ་ལྷག་པར་དུ་ཞིབ་འཇུག་བྱེད་རྒྱུ་ནས་གལ་ཆེན་པོ་རེད།་དེང་སང་མི་སྡུག་ཅག་མང་དུ་འགྲོ་གི་ཡོད་པ་གལས་པོ་རེད།

    1. ངོ་མ་བཀྲིས་ཀྱིས་ཟིར་བ་བདེན་མོད། ངོ་མ་སཾ་བྷོ་ཊའི་འགན་འཛིན་དེ་ལ་བཟང་སྤྱོད་མེད་པའི་ཁར་ཁྲེལ་མེད་ཅིག་ཀྱང་རེད་ལ། ཁོའི་བཟའ་ཟླ་གཞས་དགེ་རྒན་ཡིན་བཞིན་དུ་བུ་ཆུང་ཁང་གི་དགེ་རྒན་ལ་བསྐོས། བུ་ཆུང་ཁང་ལ་སློབ་འཁྲིད་བྱེད་ཆོག་པའི་སྦྱོང་བརྡར་དང་ལག་འཁྱེར་གང་ཡང་མེད་ཟེར། མ་གཞི་ནས་ཁོའི་བཟའ་ཟླར་བོད་གཞུང་ཤེས་ལྷན་ནས་འགྲོ་སོང་བཏང་སྟེ་གཞས་དགེ་རྒན་གྱི་སྦྱོང་བརྡར་སྤྲད་ཡོད་ན། བུ་ཆུང་ཁང་གི་དགེ་རྒན་དུ་ཅིའི་ཕྱིར་བསྐོས་སམ། ཕྱི་གླིང་ནུབ་ཕྱོགས་ཁག་ལ་བུ་ཆུང་ཁང་སོགས་གལ་གནད་ཆེན་པོར་བརྩི་བཞིན་ཡོད།
      དེ་མ་ཟད་སྦེལ་ལ་ཀུ་པི་གཞིས་ཆགས་སུ་ཁོ་རང་གི་སྤུན་མཆེད་བུ་མོ་ཞིག་གི་ཁྱོ་གར་རྩིས་པའི་ལས་ཀ་སྤྲད་རེད་ཟེར་བ་དེ་ཁུལ་སྐད་གྲགས་འདུག་ག དེ་འདྲ་ཁྲེལ་མེད་རྐྱང་བྱེད་བསྡད་པ་ཡིན་ན། མི་དཀྱུས་མ་རྣམས་ལ་སུས་གཟིགས་ཀྱི་རེད། སོམས་དང་སཾ་བྷོ་ཊའི་དགེ་ལས་ཉོམ་ཆུང་རྣམ་པ། ད་དུང་ཁྱེད་ཚོས་ཁུ་སིམ་མེར་བཞུགས་ནུས་སམ། ད་ཁྱེད་ཚོས་གྱེར་ལངས་ཤིག་བྱེད་རན་ཐག་ཆོད་འདུག ཁོ་ལ་ངོ་སྲུང་སྤྲེལ་ལད་འཁྲབ་མཁན་ཚོར་ཁེ་ཕན་སྤྲེད་ཐབས་དང་། ཁོ་ལ་སྤྲེལ་ལད་ཞུམ་ཞུམ་མ་བྱེད་མཁན་ཚོར་ཟུར་དབྱེ་དང་རྫིག་རྫིག་བྱེད་པའི་བྱ་སྤྱོད་དང་། ཕྱི་རྫིག་ན་ནང་སྟོང་ཡང་འགྱོད་མེད་ཀྱི་བསམ་བློ་བ་ཡང་ཁོ་ཉིད་ཡིན།
      དེ་ལས་ཐབས་རྡུགས་པར་ཁོ་རང་པོན་ཊ་སློབ་གྲའི་འགན་འཛིན་སྐབས་སློབ་གྲྭའི་བུ་མོའི་མཉམ་དགའ་རོགས་འགྲིག་གི་ཡོད་པའི་སྐད་ཆ་ཡང་གོ་རྒྱུ་འདུག

  2. བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ལ་ཤེས་རྒྱ་གང་ཡང་མེད་པའི་སཾ་བྷོ་ཊའི་འགན་འཛིན་གྱིས་མང་ཚོགས་ལ་འུར་ཤོབ་འདི་འདྲ་གང་ཅི་ཡིན་ནམ། བྱས་ན་སཾ་བྷོ་ཊའི་འགན་འཛིན་དེ་ཟམ་གདོང་རིན་པོ་ཆེ་ལས་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་ཤེས་རྒྱ་ཟབ་པ་ཡོད་པ་འདྲ། དེ་མིན་ཁོས་ཟམ་གདོང་རིན་པོ་ཆེས་ཌལ་ཧོར་ལྔ་བཅུའི་དུས་དྲན་སྐབས་བསྩལ་བའི་འོག་གི་བཀའ་སློབ་ལེ་ཚན་འདི་ངེས་པར་དུ་བཀླགས་ཏེ། རྗེས་སུ་ཤེས་ཡོན་གྱི་སྡིང་ཆ་འདི་འདྲའི་སྐབས་དེ་འདྲ་བའི་ཅལ་འདྲོགས་མ་གསུང་ན་ལེགས། ཕལ་ཆེར་ཁོས་བསམ་པར་དེང་སང་ཁ་ཧམ་པ་བཤད་གང་ཐུབ་བྱས་ན་མང་ཚོགས་མགོ་སྐོར་གཏོང་ཐུབ་ཀྱི་རེད་བསམ་གྱི་ཡོད་སྲིད། དེང་སང་མང་ཚོགས་སུ་གང་ཅིའི་ཤེས་རྒྱ་ཁྱེད་ལས་མང་བ་ཡོད། རྗེས་སུ་ལུང་རིགས་མེད་པའི་ཅལ་འདྲོགས་མ་བསྐྱོན་རོགས།

    ༼༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ཌལ་ཧོར་ལྔ་བཅུའི་དུས་དྲན་ལ་བསྩལ་བའི་བཀའ་སློབ་ལས་ཟུར་བཏོན་ཞུས།༽

    ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ལྔ་བཅུ་ལྷག་སོང་བའི་རྗེས་སུ་ཡང་ང་ཚོའི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བརྒྱུད་ལམ་ཨིན་ཇི་བཞག་ཡོད་པ་རེད། བོད་པ་མང་པོ་ཞིག་གི་བསམ་པར་ཨིན་ཇི་དེ་རྒྱལ་སྤྱིའི་སྐད་ཡིག་ཡིན་བསམ་པའི་འཛིན་སྟངས་ལོག་པ་ཞིག་ཡོད་པ་རེད། འོན་ཀྱང་ངས་འཛམ་གླིང་དངོས་སུ་མཐོང་མྱོང་ཡོད། ང་འགྲོ་མྱོང་མེད་པའི་རྒྱལ་ཁབ་ཅིག་ཀྱང་མེད། ངས་ཤེས་ཚོད་ལ་འཛམ་གླིང་འདི་ནང་རྒྱལ་ཁབ་ཉིས་བརྒྱ་ལྷག་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁོངས་སུ་རྒྱལ་ཁབ་ ༡༩༢ ཡོད། རྒྱལ་ཁབ་དེ་དག་གི་ནང་ནས་ཨིན་ཇིའི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཨོ་སི་ཀྲོ་ལི་ཡ་དང་། ནིའུ་ཛི་ལེནྜ། ཨིན་ཡུལ། ཨ་རི། ཁེ་ན་ཌ་བཅས་རྒྱལ་ཁབ་ལྔ་རང་ཡིན། དེ་ལས་གཞན་པའི་རྒྱལ་ཁབ་གང་དུའང་ཨིན་ཇི་བཀོལ་སྤྱོད་བྱེད་མཁན་མེད། ཨིན་སྐད་ཀྱི་བཙན་གནོན་འོག་ལ་མེད་པ་རེད། ཉི་འོང་དང་ཀོ་རི་ཡ་སོགས་ཚན་རིག་དང་འཕྲུལ་རིག་སོགས་གང་ཅིའི་ཐད་རྩེ་ཕུད་དུ་སླེབས་ཀྱི་ཡོད་རུང་། ཁོང་ཚོའི་སྐད་ཡིག་ནི་མ་སྐད་ལས་ཨིན་ཇི་མིན། ངའི་སྐད་ཆ་འདིར་ཁྱེད་ཚོས་མོས་མཐུན་གནང་གི་མ་རེད་ལ། ངས་ཀྱང་ཁྱེད་ཚོས་མོས་མཐུན་བྱེད་པའི་རེ་བ་རྒྱག་གི་མེད།
    འོན་ཀྱང་བོད་ཀྱི་སྐད་ཡིག་ནི་གོ་ལ་འདིའི་སྟེང་ནམ་ཡང་མེད་པར་ཆགས་ཀྱི་མེད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། གལ་སྲིད་ང་ཚོས་སོ་སོའི་སྐད་ཡིག་བཀོལ་སྤྱོད་དང་སྲུང་སྐྱོབ་མ་བྱས་པ་ཡིན་ནའང་། འཇིག་རྟེན་འདིའི་སྟེང་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྲངས་ལས་འདས་པ་ཡོད། དེའི་རྒྱུ་མཚན་ནི་བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་བསྟན་ཟབ་མོ་རྣམས་བོད་ཀྱི་སྐད་ཡིག་ནང་ཡོད་པས་འཛིམ་གླིང་ཁྱོན་ཡོངས་ལ་བོད་ཀྱི་སྐད་ཡིག་འདི་རིན་ཐང་ཅན་ཞིག་ཏུ་གྱུར་ཟིན་པ་རེད། ཅེས་སོགས་བཀའ་བསྩལ་ཡོད།
    (ཡིག་ཚོགས་ལ་འཇིགས་ཏེ་བཀའ་སློབ་ཅུང་བསྡུས་སུ་བཏང་བ་ལས་ནང་དོན་ལ་འགྱུར་བ་གང་ཡང་མེད།)