༧གོང་ས་མཆོག་ལ་བརྟན་བཞུཊ་བསྟར་འབུལ་ཞུས།

བརྟན་བཞུགས་བསྟར་འབུལ་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཡི་གེའི་ནང་བོད་ཀྱི་སྐད་ཡིག་ལ་གཅེས་འཛིན་དང་ཚང་མ་གཅིག་གྱུར་གྱིས་དམ་ཚིག་ལྡན་པ་ཞིག་བྱ་རྒྱུ་ཡིན་ཞེས་ལབ་ཡོད་པ་དེ་ཞེ་དྲག་ཡག་པོ་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཀ་རྡོར་སྒང་གསུམ་དང་ར་ཝང་ལ། དབུས་གཙང་དང་མདོ་སྟོད། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། བརྟན་བཞུགས་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་གཙོས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༥༠༠༠ ཡས་མས་འཛོམས་འདུག་ལ། ཉིན་རྒྱབ་ཏུ་ཆོལ་ཁ་གསུམ་སོགས་ཀྱི་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་འདུག

བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ཀྱིས། ལོ་རྗེས་མར་༧སྐྱབས་མགོན་རིན་པོ་མཆོག་གི་དགུང་ཀེག་ཏུ་འཁེལ་ཡོད་པས་སྐུ་ཡི་གསང་གསུམ་གྱི་མཚན་མ་ཕྲ་མོ་ཙམ་ཡང་སྐུ་གེགས་མི་ཡོང་ཆེད་བརྟན་བཞུགས་བསྟར་འབུལ་ཞིག་སྐུ་སྒེར་ཡིག་ཚང་ལ་ཞུས་པ་རེད་དེ། སྔ་ནུར་གྱིས་དེ་རིང་ཞུས་ན་ཡག་པོ་འདུག་གསུངས་བར་བརྟེན་གཏན་འཁེལ་བྱུང་བ་དང་། དེ་རིང་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དད་པ་དང་དམ་ཚིག་མཐུན་ཡོད་པས་དགུང་གྲངས་བརྒྱ་ལྷག་ལ་བཞུགས་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་དང་། བརྟན་བཞུགས་འདི་སོ་སོའི་སེམས་ལ་དྲན་པ་ལས་ལྷག་པ་ཞིག་བྱུང་སོང་། ཞེས་བརྗོད་སོང་།

ཐེངས་འདིའི་བརྟན་བཞུགས་འབུལ་བཞེས་དང་འབྲེལ་ཁས་ལེན་དམ་བཅའ་གང་ཡོད་སྐོར་ལ་ཁོང་གིས། ཀ་རྡོར་སྒང་གསུམ་གྱིས་ཡུལ་དེར་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་ཡོད་སྟབས། བོད་མི་རིགས་གནས་དང་མ་གནས་སྐད་ཡིག་ལ་ཐུག་ཡོད་རྐྱེན་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་ཞུས་ཡོད་པ་དང་། དེ་མིན་ང་ཚོ་ཆོལ་ཁ་གསུམ་ནས་བོད་མི་རྩམ་ཟན་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་བར་སྔ་མོ་ནས་འབད་བརྩོན་བྱེད་བཞིན་ཡོད་ལ། ད་དུང་མུ་མཐུད་འབད་བརྩོན་བྱ་རྒྱུ་དང་། ༧སྐྱབས་མགོན་རིན་པོ་ཆེ་ཐུགས་ཕམ་མི་ཡོང་བ་ཞིག་བྱ་རྒྱུ་ཁས་ལེན་དམ་བཅའ་ཞུས་ཡོད་པ་རེད། ཅེས་བརྗོད་སོང་།

བརྟན་བཞུགས་འབུལ་བཞེས་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁྱེད་རང་ཚོས་དམ་ཚིག་གོང་བུ་གཅིག་གྱུར་གྱི་ཐོག་ནས་བརྟན་བཞུགས་ཞུས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཆོ་ག་འདོན་པའི་སྐབས་སུ་ང་ལ་ཡང་གསལ་སྣང་འདོན་པ་དང་། དེ་བཞིན་བླ་མ་གོང་མ་རྣམས་ཀྱི་ཐུགས་རྗེ་ཀུན་ནས་ཚེ་ཡི་བྱིན་རླབས་ཞུས་ཡ་དེ་ཚོར་དམིགས་པ་བརྟན་པོ་བྱས་པ་ཡིན། ཡག་པོ་ཞེ་དྲགས་བྱུང་སོང་། རྩ་རྒྱུད་པའི་བླ་མ་གོང་མ་དེ་ཚོ་དེ་རིང་ཁ་སང་དངོས་སུ་སྤྱི་འགྲོ་བ་ཡོངས་དང་བྱེ་བྲག་བོད་གངས་ཅན་གྱི་ལྗོངས་སུ་བསྟན་འགྲོའི་དོན་སྐུ་དངོས་སུ་བྱོན་ནས་གང་གནང་གི་ཡོད་པ་མ་རེད། གང་ལྟར་རྩ་རྒྱུད་ཀྱི་བླ་མ་དེ་དག་གི་མིའི་མི་ཚབ་དང་གསུང་གི་གསུང་ཚབ་དེ་གང་ལྟར་ང་ཆགས་ཡོད་པ་རེད། བྱས་ཙང་ཚེ་རྒྱུད་པའི་བླ་མ་དེ་དག་གི་ཐུགས་རྗེ་བྱིན་རླབས་ལོས་ཡོང་། ༧རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་སྨོན་ལམ་ཞེ་པོ་ཤུགས་ཆེན་པོ་ཡོད་རེད། རང་དོན་ཡེ་ཞིག་མེད་པར་གཞན་དོན་འབའ་ཞིག་ལ་ཐོག་མར་ཐུགས་བསྐྱེད། ཚོགས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཟིན་པའམ་སངས་རྒྱ་བཞིན་པ་དེ་འདྲ་ཆགས་ཡོད་པ་རེད། སྟོན་པ་འཁོར་དང་བཅས་པ་ལེགས་པར་གཤེགས་པ་རྨད་དུ་བྱུང་བ་དེ་འདྲ་དེ་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་ངོ་སྤྲོད་བྱས། གང་ཐུབ་ཐུབ་ཀྱི་ལུང་རྟོགས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཡོང་ཡ། ད་ལྟ་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ཡིན་ན་ཡང་ལོ་བརྒྱ་འཚོ་ཐུབ་ཡ་ཞིག་དང་དེའི་ཐོག་ནས་བོད་མིའི་མཚོན་པའི་རྒྱ་དཀར་ནག་གི་ནང་པ་གཙོ་བོར་གྱུར་པའི་སེམས་ཅན་ཚོ་ལ་ཕན་ཐོགས་ཡོང་ཐུབ་ཡ་ཞིག་བྱ་རྒྱུ་ཡིན། ཞེས་གསུངས་སོང་།བརྟན་བཞུགས་སྐབས་ཀ་རྡོར་སྒང་གསུམ་གྱི་ཡུལ་དེར་བོད་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་ཡོད་པ་དེར་༧གོང་ས་མཆོག་གིས། ཁྱེད་རང་ཚོའི་བརྟན་བཞུགས་ཡི་གེའི་ནང་བོད་ཀྱི་སྐད་ཡིག་ལ་གཅེས་འཛིན་བྱེད་རྒྱུ་དང་ཚང་མ་གཅིག་གྱུར་གྱིས་དམ་ཚིག་ལྡན་པ་ཞིག་བྱ་རྒྱུ་ཡིན་ལབ་འདུག སྤྱིར་དཔལ་ན་ལེནྡྲའི་ཆོས་བརྒྱུད་དེ་རིག་པ་དང་ལྡན་པའི་ཐོག་ནས་གཞི་ཡི་གནས་ཚུལ་བདེན་པ་གཉིས་དང་། ལམ་གྱི་གནས་ཚུལ་བདེན་པ་གཉིས་དང་འབྲེལ་བའི་བདེན་བཞིའི་རྣམ་བཞག་སོགས་བཤད་རྒྱུ་ཡོད་པ་དེ། བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་གཅིག་པུ་མ་གཏོགས་གཞན་སུ་གཅིག་ལའང་བཤད་རྒྱུ་མེད་པ་རེད། ངོས་རང་ལ་མཚོན་ན་ལོ་ ༨༣ སོན་བསྡད་པའི་མི་ཞིག་ཡིན་དུས་མི་མང་པོ་ཞིག་དང་ཐུག་གི་ཡོད་དུས་ཉམས་མྱོང་ཚང་མ་ཕྱོགས་བསྡོམས་བྱས་པ་ཡིན་ན། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་བསྟན་པ་དེ་ཆ་ཚང་བ་ཞིག་དང་སྤུས་དག་པོ་ཞིག་ཡོད་པ་གསལ་བོ་ཞེ་དྲག་རེད། དེར་འགྲེལ་བཤད་རྒྱག་པར་བོད་པའི་སྐད་ཡིག་དེ་ཡག་ཤོས་རེད་འདུག དེ་རིང་ཁ་སང་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་ཡོད་བསྡད་མཁན་དེ་ཚོས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་སངས་རྒྱས་པའི་ཆོས་ང་ཚོ་བོད་གངས་ཅན་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ངོ་སྤྲོད་གནང་ནས་རྩིས་སྤྲོད་གནང་བཞག་པ་དེ། ང་ཚོ་བོད་ཀྱི་མེས་པོ་ཚོས་ལོ་སྟོང་ཕྲག་ལྷག་གི་རིང་ལ་ལྷག་བསམ་རྣམ་དག་གིས་བདག་པོ་བརྒྱབ་ཡོད་པ་རེད། དུས་ཀྱི་མཐའ་འདི་འདྲ་ཞིག་ལ་སངས་རྒྱས་པའི་ཆོས་ང་ཚོ་བོད་ཀྱི་སྐད་ཡིག་རང་གི་ནང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཇི་བཞིན་བཤད་རྒྱུ་ཡོད་པ་དེ་བོད་པ་གཅིག་པུ་རེད། དེ་ང་རང་ཚོས་ཕྱོགས་གཅིག་ནས་བསྟན་པའི་ཞབས་འདེགས་བསྒྲུབས་པ་དང་བསྟན་པ་དང་འགྲོ་བའི་དོན་བྱེད་ཀྱི་ཡོད་པ་རེད། ཡང་ཕྱོགས་གཉིས་ནས་ང་ཚོ་བོད་མི་རིགས་ཀྱི་རྣམ་དཔྱོད་ངོམས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོའི་མེས་པོ་ཚོས་སངས་རྒྱས་ཀྱི་བསྟན་པ་ལ་སྔར་མེད་གསར་དུ་བཙུགས་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་རྒྱ་གར་ནས་ཚུར་བསྒྱུར་ནས་དེ་དག་གི་དགོངས་འགྲེལ་ཕལ་ཆེར་པོ་ཏི་ཁྲི་ཕྲག་ཡོད་བསྡད་པ་དེ་བོད་པ་རང་གིས་བརྩམས་པ་དེ་ཧ་ལས་པ་རེད་འདུག དེ་རྒྱུན་འཛིན་བྱེད་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད། ཅེས་དང་། ནུབ་ལ་དྭགས་ནས་བྱང་མོན་བར་དུ་བོད་གངས་ཅན་གྱི་བསྟན་པ་ལ་འབྲེལ་བ་ཡོད་མཁན་གྱི་ས་ཁུལ་དེ་ཚོས་ཚོགས་ཆུང་ཞིག་བཙུགས་སྟེ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དགོན་པ་དེ་ཚོ་ཚང་མ་སློབ་སྦྱོང་བྱེད་སའི་ལྟེ་གནས་ཞིག་ཏུ་བཟོ་རྒྱུ་ཡིན་སྐོར་གསུངས་པ་དེར་ཞེ་དྲག་ཡག་པོ་ཡིན་སྐོར་སོགས་གསུངས་སོང་།

སང་ཉིན་ཕྱི་ཚེས་༤ ནས་ ༧ ཉིན་བཞིའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨིན་ཌོ་ནེ་ཞེ་ཡ་དང་ཀོ་རུ་ཡ། མཱ་ལེ་ཞི་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཚོར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༠༣

Leave a Reply

One thought on “༧གོང་ས་མཆོག་ལ་བརྟན་བཞུཊ་བསྟར་འབུལ་ཞུས།