དོལ་པོའི་ཁ་བརྡ། (ཚན་པ་གཉིས་པ།)

མང་རའི་ཁེར་བུད།

འདི་དུས་ཆེས་མཐོང་མི་འདོད་པ་གཅིག་ཡོད་པ་ནི། རོང་པས་ (དོལ་པོ་བས་རོང་ཐང་གི་བལ་པོར་འབོད་མིང་) ར་ལུག་ཁྱུ་འདེད་བྱས་ནས་ལོག་འགྲོ་བ་འདིའོ། །འདི་ནི་མི་འགྱངས་པར་ཧིན་དྷུ་བའི་དུས་ཆེན་དྷར་ཤཱན་དང་ཏི་ཧཱར་ (ཕྱི་ཟླ་བཅུ་བར་འཁེལ་ཏེ། རཱམ་གྱིས་སྲིན་རྒྱལ་ལིངྒ་མགྲིན་བཅུ་བཀྲོངས་པའི་ཉིན་དང་། དེ་ནས་ཉིན་བཅོ་ལྔའི་རྗེས་སུ་སི་ཏ་ཁྲིད་ནས་ཕྱིར་ཡང་རང་ཁྱིམ་དུ་འབྱོར་ཉིན་གཉིས་ཀྱི་དུས་སྟོན།) གཉིས་སླེབས་གྲབས་ཡོད་པར།  དེ་དུས་དམར་མཆོད་རྒྱ་ཆེར་བྱེད་པས། སྐབས་དེའི་བཤས་ཚོང་ལ་དམིགས་ཏེ་བོད་ནས་སྒོ་ཟོག་མང་པོ་ཉོས་ནས་འགྲོ། བོད་ཀྱི་ར་ལ་བྱང་ར་ཟེར་ཏེ། གོང་བདེ་ཞིང་ཤ་ལ་བྲོ་བ་ཆེ་སྐད། བོད་བྱང་ཐང་ནས་ར་གཅིག་ལ་ནེ་སྒོར་བཞི་སྟོང་ངམ་ལྔ་སྟོང་ཙམ་ལས་མི་རི་བ་ལ། རོང་ཐང་དུ་སླེབས་ན་སྟོང་བཅོ་བརྒྱད་ནས་ཉི་ཤུ་བར་འཚོང་། བྱང་ནས་ལོག་མཁན་རོང་པ་བོད་སྐད་ཁྱ་ཁྱོར་ཤེས་པ་ལ་ལས།   བྷོ་ཊའི་ཀོ་ཁཱ་ཤཱས།(བོད་པའི་བཤའ་ཟོག) རོང་པ་ཀོ་སྐྱག་པ།(རོང་པའི་སྐྱག་པ) ཞེས་བལ་བོད་སྦྲགས་མའི་སྐད་ཀྱིས་ཀྱལ་ཀ་སྨྲ་བའང་ཐོས་མོད། སེམས་ཅན་གཞན་གྱི་ཚེ་སྲོག་ལ་སེམས་ཁུར་ཅན་ཚོར་མཚོན་ན། འདི་ནི་ཐ་ཆད་པའི་ཚིག་ཅིག་ལས་བཞད་གད་དུ་ག་ལ་འགྲོ། བྱ་བྲལ་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་། བལ་ཡུལ་དུ་ལོ་ལྟར་སྲོག་བླུ་རྒྱ་ཆེར་བྱེད་སྲོལ་འདུག རིན་པོ་ཆེས་ཐེངས་ཤིག་ཡུམ་བུ་སོགས་ནས་བྱང་ར་ལྔ་བརྒྱ་ལྷག་ཉོས་ཏེ་ཕྱིར་ཡང་ཡོལ་མོ་སྟེ་བོད་མཚམས་ས་མཐོར་བསྐྱལ་ཏེ་ཚེ་ཐར་དུ་བཏང་བའི་གནས་ཚུལ་འདུག

དོལ་པོའི་ཡུལ་འདིར་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཞེས་གཞན་སྟོང་སྨྲ་བའི་ཁྱུ་མཆོག་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་སྐད་གྲགས་ཉི་མ་ལྟར་འབར་པ་ཁོང་འཁྲུངས་ཤིང་། མི་ལའི་རྣམ་ཐར་ནའང་། ངས་དིང་རིའི་མགྲོན་ཁང་དུ་འགྲོ་རོགས་འདྲ་ཨེ་རྙེད་ལྟ་བཞིན་ཉིན་ཤས་བསྡད་པར། མངའ་རིས་སྟོད་ནས་ཡིན་པའི་དོལ་པོའི་གཅེས་ཕྲུག་ལྔ་དང་འཕྲད། ཅེས་གསལ་པ་ལྟར། མི་ལའི་མཐུ་སྦྱོང་རོགས་ཚོའང་ཡུལ་འདི་ནས་ཡིན་པར་སྣང་། ད་དུང་རྫོགས་ཆེན་གྱི་གཞུང་ནས་གསུང་བ་ལྟར་གྱི་གྲུབ་པའི་རྟགས་མཚན་ཡ་མ་ཟུང་བརྙེས་པའི་གྲུབ་ཐོབ་ཀྱང་མང་རབས་བྱོན་འདུག་པ་རྣམས་རེ་རེ་བཞིན་དུ་བརྗོད་ཀྱིས་མི་ལང་།དེང་སང་དོལ་པོ་བ་ས་མཚམས་བརྒལ་ཏེ་བོད་སར་ལན་གཉིས་འགྲོ་སྟེ། དང་པོ་ནི་ཚོང་དུས་ཀྱི་སྔོན་ཏག་ཏག་ཏུ། ཨ་རི་དང་ཉི་ཧོང་གཉིས་ནས་སྐྱོབ་གསོ་འབྲས་དང་སྣུམ། གྲོ་ཕྱེ། བྱེ་མ་ཀ་ར་སོགས་གནང་སྦྱིན་བྱེད་པ་འགྲིམ་འགྲུལ་གྱི་དབང་གིས་བོད་ས་བརྒྱུད་ནས་གཏོང་བཞིན་པ་ལ། ཁེལ་མ་ཁྱུ་འདེད་བྱས་ནས་ལེན་དུ་འགྲོ།

དོལ་པོ་བ་བལ་ཡུལ་རོང་སར་ཡང་ལོ་རེ་ལ་ཐེངས་གཅིག་གམ་གཉིས་སམ་གསུམ་ཙམ་འགྲུལ་བཞུད་བྱེད། འཕྲུལ་འཁོར་གྱི་བཞུད་ལམ་ཐིངས་ (མོན་ཐང་ནས། དེ་བས་བོད་བྱང་ཐང་ལ་འཁོར་ལམ་བཟོ་རྒྱུ་ཧ་ཅང་སླ་སྐད) རྒྱུར་ད་དུང་ཡང་དུས་རབས་ནས་དུས་རབས་འགོར་ངེས་ལྟ་བུ་ལ།  ད་ལྟའི་དུས་འདིར་ཁོང་ཚོའི་སྐྱེལ་འདྲེན་གྱི་བརྟེན་ས་གཙོ་བོ་ནི་རྟ་དྲེལ་དང་མཛོ་གཡག་རེད། རྟ་ཕོ་རབ་ཅིག་ལ་ཕོ་ཆེན་ཟེར། རིན་གོང་ནེ་སྒོར་འབུམ་ཡན་རི་བས་ན་འབུམ་རྟ་ཡང་ཟེར། རྒྱུ་ཆེན་ཚོ་ཕོ་ཆེན་འབྲུག་འདྲ་ལ་ཕྲ་ཚོམ་སྣ་ཚོགས་བཏབ་པའི་རིན་ཆེན་སྒ་སྲབ་ཆ་འགྲིག་རེ་བསྐྱོན་ཏེ་སྐྱིད་པའི་སྣང་གླུ་གཏོང་བཞིན་འགྲུལ་བཞུད་བྱེད་པའང་མཐོང་ལ་དབུལ་ཕོངས་ཚོ་ལྷམ་མགོ་ལྷན་པ་དགུ་བརྩེགས་ཀྱི་ཟ་ཟུར་ནས་མཐོ་བོང་དང་རྟིང་པ་སྔོ་ཐིང་ངེར་འཇུར་གྱིན་འགྲུལ་བཞུད་བྱེད་པའང་མཐོང་བར་འགྱུར། ཁང་ཁྱིམ་གསར་བསྐྲུན་དང་རྒྱ་བསྐྱེད་སོགས་ཀྱི་སྐབས། ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཤིང་ཆ་སྦོམ་ཕྲ་སྣ་ཚོགས་པ་མི་ཟོག་གཉིས་ཀྱི་རྒྱབ་ལ་བརྩེགས། སྤྲིན་དཀར་པོ་ཐོད་ལ་བཏེགས། ས་ནག་པོ་འདོམ་ལ་འཇལ། ཉིན་ཞག་མང་པོར་ལུས་ལ་རྔུལ་ནག་གི་རྒྱུག་ཆུ་བཞུར་གྱིན་དམའ་རོང་ས་ནས་བོད་མཐོ་སྒང་བར་སྡུག་འཁུར་གྱིས་འོར་འདྲེན་བྱེད་པ་མཐོང་དུས། སེམས་སྐྱ་མོ་ཐང་ལ་མི་ལྷུང་བའི་ངེས་པའང་མེད། སྔ་དུས་ཧི་མ་ལ་ཡའི་རི་རྒྱུད་དུ་སླེབས་པའི་དབྱིན་ཇི་བ་ཚོ་དེ་གའི་བལ་བོ་མི་རིགས་ཀྱི་ལུས་ཤེད་དང་ཡིད་བསྲན་ལ་ཧ་ལས་ཏེ་ཆེད་གཉེར་དངོས་ཟོག་འོར་འདྲེན་དུ་བསྐུལ་བའི་ལོ་རྒྱུས་ཡོད་པ་ལྟར། དོལ་པོ་བའང་དེ་མཚུངས་རེད། སྐྱེས་པ་རེས་སྤྱི་རྒྱ་ ༣༠ ཡན་འཁུར་ནས་ཉིན་ལམ་བདུན་རེའི་ལམ་ཐག་ཀྱང་ཤུལ་ཏུ་བསྐྱུར་ནས་འགྲོ། ཡུལ་འདིར་འཁྲབ་འཁྲིད་གནང་བའི་གློག་བརྙན་སྐད་གྲགས་ཅན་<ཚོ་འགྲུལ་>(Caravan)ནང་དུ་བསྟན་པ་ལྟར། ཁོང་ཚོ་ཁལ་མ་དང་བཅས་པའི་ཚོ་འགྲུལ་ལ་ཧ་ཅང་མཁས། ཞོགས་པ་སྐྱ་རེངས་མ་ཤར་བའི་གོང་དུ་ཁེལ་མ་རྣམས་རྩྭ་ལ་གློད་ཅིང་། ཉི་མ་གུང་ལ་སླེབས་ཉེའི་མཚམས་སུ་ཁེལ་མ་རྣམས་ལྷས་སུ་འགུག་ལ། ཡུད་ཙམ་ཞིག་གི་རིང་ཤིང་ཆས་སོགས་ཁུར་བོ་རྣམས་བཀལ་ཏེ་ནག་ཡོར་རེར་ལམ་ལ་བཞུད་འགྲོ། ཁལ་མའི་སྐེ་ལ་གཡར་དྲིལ་འདོག་རྒྱུར་དགའ། མཛོ་གཡག་ཁྱུ་རེའི་ཁྲོད་ན་སྐེ་ལ་གཡར་དྲིལ་སླ་ང་ཙམ་རེ་བཏགས་པ་རེ་ཤས་ཡོད་ངེས་ཅན་ཡིན་པས། ཚོ་འགྲུལ་པ་རྣམས་རྒྱང་གྲགས་ཙམ་གྱི་ཕ་ཚད་ན་ཡོང་གི་ཡོད་ཀྱང་། སྔོན་དུ་ཐོས་འཛིན་གྱིས་རྟོགས་ཏེ། སིལ་སིལ་སིང་སིང་གི་སྒྲ་གྲགས་ཚེ། རེ་ཞིག་སྒུག་ན། ཟིལ་ཆེ་བའི་ཚོ་འགྲུལ་བ་མིག་ལ་མངོན་འོང་རྒྱུ་ཡིན།   གཡར་དྲིལ་འདོགས་པ་ལ་དགོས་པ་ཆེན་པོ་ཡོད་དེ། བརླག་སྟོར་མི་འབྱུང་བ་དང་འཚོ་བདེ་བ་སོགས་ཀྱི་ཁྱད་ཡོད།

བཅོམ་ལྡན་འདས་ཀྱིས་རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་ཞེས་དང་། འབྲེག་མཁན་གྱི་རིགས་ཀྱང་ཁྲི་མཐོན་པོར་བཞུགས་སུ་གསོལ་བའི་ལོ་རྒྱུས་ཡོད་ལ། ༧གོང་ས་ཆེན་པོས་དུས་ནས་དུས་སུ་རིགས་རུས་དབྱེ་འབྱེད་ཀྱི་སྲོལ་ལུགས་ནི་དུས་ལས་ཡོལ་ (Out of date) ཟིན་པ་ཞིག་ཡིན་པས་ངེས་པར་དུ་སྤང་དགོས་ཞེས་རྒྱ་གར་བ་རྣམས་ལ་བཀའ་སློབ་ཡང་ཡང་གནང་གིན་ཡོད། དེ་ལྟར་ཡང་། རང་རེའི་རྒྱ་གར་དང་འདབ་འབྲེལ་བའི་ཧི་མ་ལ་ཡའི་རྒྱུད་ཀྱི་ཡུལ་ལུང་ཕལ་མོ་ཆེར་རིགས་རུས་རྩིས་པའི་སྲོལ་དེ་ད་དུང་ཡང་ལྕགས་ཐག་དགུ་བསྒྲིལ་ལས་སྲ། དོལ་པོ་ཡང་དེ་མཚུངས་ཏེ། རིགས་མགར་བ་ལ་གཏོགས་ཚེ་སྤྱི་ཚོགས་ཐོག་མགོ་འཕང་འདེགས་ས་ཅང་མེད། གྲལ་བསྒྲིགས་ན་མར་གཤམ། ཟས་ཟ་ན་ཇ་ཕོར་ཡན་མི་བསྲེས། རིགས་ངན་ཞིག་གིས་ཐལ་ལྕག་གཞུས་པ་ལས་རིགས་བཟང་ཞིག་གིས་ཐུ་ལུམ་གྱིས་སྣུན་པ་བསྲན་བཟོད་པའི་ཚོད་དུ་གདའ།

སྔ་མོའི་ལུགས་སྲོལ་མ་ཉམས་པར་ཡོད་པ་གཅིག་ནི་སེར་སྲུང་རེད། སེར་སྲུང་གི་གདམས་པ་ནི་མེས་པོ་སྔ་མ་སྔ་མས་རང་རང་གི་བུ་རབས་ཚ་རྒྱུད་ཕྱི་མ་ཕྱི་མར་གནང་ནས་ཡོང་པའི་རྒྱུ་མཚན་གྱིས་ཆོས་བརྒྱུད་དང་མི་རྒྱུད་གཉིས་ཀ་མ་ཉམས་པར་ཡོད་པ་ལ། མི་མང་རྣམས་ཡིད་ཆེས་དང་དད་གུས་རབ་ཏུ་ཆེ། སེར་སྲུང་བ་དེ་དང་དེས་སེ་ར་མཛུབ་མོས་འཁྲིད་ཐུབ་ཟེར་བ་སོགས་སྦིར་གྲགས་ཆེ། སེར་སྲུང་བར་སེར་ཁྲལ་འཇལ་བའི་ལམ་ལུགས་ད་དུང་ཡང་མ་ཉམས་པར་འདུག་སྟེ། ལོ་རེ་བཞིན་ཞིང་ས་ཆེ་ཆུང་ལ་དཔགས་ནས་འབྲུ་(ནས་)བྲེ་༢ ནས་༡༠ (བྲེ་གཅིག་དང་དེང་དུས་ཀྱི་སྤྱི་རྒྱ་གཅིག་མཉམ་ཙམ) འབུལ་སྲོལ་གདའ།ནང་པའི་རིག་གཞུང་ལྟར་ན་བདུན་རྒྱུད་མ་ཉམས་པ་གལ་ཆེར་གཙི་མོད། ཡུལ་འདིར་རིགས་ཉེ་བ་མ་སྤུན་གྱི་བུ་བུ་མོ་གཉེན་སྒྲིག་པ་མ་ཟད། རུས་ཉེ་བ་ཕ་མ་མིང་སྲིང་གི་བུ་བུ་མོ་བཟའ་ཚོ་བསྒྲིགས་ནས་སྡོད་པ་ཡང་མཐོང་རྒྱུ་འདུག འབྲོག་སྟོང་དུ་མི་གྲངས་ཉུང་རྐྱེན་གྱིས་གདམ་ག་མ་རྙེད་པའང་ཡིན་ཐང་།  འཁྲིག་སྤྱོད་ལ་དམ་དོག་དེ་ཙམ་མེད། མཚན་འགྲུལ་ཟེར་ཏེ་ཕོ་གཞོན་རྣམས་མཚན་མོར་གཉིད་མི་སེམས་པར་བུད་མེད་རྔོན་དུ་སྡེ་ཕྱི་ནང་དང་ཐག་ཉེ་རིང་གི་གྲོང་ (དོོལ་པོ་བས་རི་སྟོང་ལུང་སྟོང་གི་རྩྭ་ཆུ་བཟང་ས་རྣམས་སུ་ས་ཁང་ངམ་གུར་བཏབ་ནས་སྒོ་ཟོག་འཚོ་ས་ལ་གྲོང་ཟེར།) ཕན་ལ་འགྲུལ་བཞུད་བྱེད། ཐོན་བུའམ་ནལ་བུ་ཤིན་ཏུ་མང་སྟེ་ཁོང་ཚོས་དེ་ལ་ཉལ་ལོ་ཟེར། སྨན་གཞུང་༼ཟླ་ཟེར་༽ན། ཉལ་པོ་ནི་འཁྲིག་པ་སྤྱོད་པའི་དོན། ཞེས་འབྱུང་པ་ལྟར། འཁྲིག་ཉེས་ལས་སྐྱེས་པའི་ཕྱིར་དེ་ལྟར་རྒྱུ་མིང་འབྲས་ལ་བཏགས་པར་སྣང་། ཕོ་གཞོན་ལ་”མཆོག་མཐོང་”དང་ བུ་མོ་གཞོན་ནུ་མར་”ན་ཆུང་”ཟེར། མཆོག་མཐོང་དང་ཕོ་དར་ཚོས་བུ་མོ་མང་རབ་ལ་ལུས་འབྲེལ་འཇོག་ཐུབ་ཚེ་བྱས་རྗེས་སུ་རྩིས་ནས་ངོམས་སོ་བྱེད། བུད་མེད་ཀྱི་གྲངས་ཀ་བརྒྱར་ལོངས་ན་དོར་མ་ཆུ་ལ་བསྐུར་བའི་སྲོལ་འདུག་སྟེ། དེ་ལ་བརྒྱ་དོར་ཟེར། ཁོང་དང་ཁོང་གིས་བརྒྱ་དོར་ལོ་དེ་དང་དེ་ལ་བྱས་པ་རེད། ཅེས་སྤིར་གྲགས་ཀྱི་གཏམ་དུ་རྗོད་པར་བྱེད། བརྒྱ་དོར་གྱིས་རྐྱེན་ངན་བར་ཆད་བཟློག་པའི་ཡིད་ཆེས་བྱེད།

དོལ་པོ་སྨད་ཀྱི་ཡུལ་མི་རྣམས་ནི་ཆོས་ལུགས་འདྲ་མ་འདྲེས་དང་། སྐད་འདྲ་མ་འདྲེས། ཆོས་གོས་དང་ལུགས་སྲོལ་འདྲ་མ་འདྲེས། ཡུལ་ལུང་གི་རྣམ་པའང་གཞན་ཞིག་ཏུ་སྣང་བས་བོད་པ་ཞིག་གི་ངོས་ནས་བཤད་ན། རང་ས་རང་ཡུལ་གྱི་ཚོར་སྣང་འདི་ནས་ཡལ་འགྲོ། འོན་ཀྱང་། དེ་གར་ཡང་བོན་དང་ནང་པའི་དུད་ཁྱིམ་ཁ་ཁེར་ཡང་ཡང་མཐོང་རྒྱུ་ཡོད་དེ། ཧིན་རྡུ་བ་དང་འདྲེས་མཚམས་རེད། བལ་པོའི་ཆས་གོས་ཆ་ཚང་སྤྲོས་པའི་མི་ལ་ཁ་ནས་བོད་སྐད་དང་མ་ཎི་སྒྲོང་མཁན་ཡང་རེ་རེ་གཉིས་རེ་མཇལ་རྒྱུ་ཡོད་པས། དང་པོར་སླེབས་པ་ཞིག་ན་སྔར་མ་མྱོང་བའི་ཚོར་བ་ཡ་མཚན་པོ་མང་པོ་སྐྱེས་ཡོང་། དོལ་བོ་སྨད་ན་ཁམས་པ་ཟེར་བའི་རིགས་ཤིག་ཀྱང་འདུག་སྟེ་རྒྱུས་ལོན་བྱེད་དབང་མ་བྱུང་།

སྔར་དུས་བོད་མིའི་བསམ་བློར། རྒྱ་དམར་བོད་ལ་ཆོས་སྐྱོང་དང་གཞི་བདག་རྣམས་ཀྱིས་འཛུལ་དུ་མི་སྟེར་པའི་རེ་སྟོང་བཅངས་མྱོང་པ་ལྟར། དོལ་པོ་བའང་དེ་མཚུངས་རེད། དོལ་བོད་ས་མཚམས་ན་གྲོང་ངེར་འགྱིང་བའི་རི་མཐོ་རེ་ལ་མཛུབ་མོ་གེར་ཏེ། དེ་དང་དེ་ན་སྲུང་མ་འདི་དང་འདི་གནས། དེ་དག་གིས་རྒྱ་དམག་དོལ་སར་འཛུལ་ཏུ་མ་བཅུག་པ་རེད། ཅེས་སོགས་ཟེར། དཔལ་འབྱོར་གྱི་ཐད་ནས་ཀྲུང་གོར་ཧེབ་ལངས་མཁན་ཡང་འདུག་མོད་ཀྱི། ཕལ་མོ་ཆེ་ཁོངས་གཏོགས་རྒྱལ་ཁབ་བལ་ཡུལ་ལ་དགའ་ཞེན་ལྡན་ཞིང་། བལ་སྐད་ཀྱང་ཐན་ཐུན་ཙམ་གཞོན་སྐྱེས་ཕལ་མོ་ཆེས་འཁྱོངས། འོན་ཀྱང་རྒན་རབས་ཚོའི་ཁྲོད་ན། བལ་སྐད་གཏན་ནས་མི་ཤེས་ཤིང་། རྒྱལ་ས་ཡུམ་བུ་ཕར་ཞོག རོང་ཐང་མིག་གིས་མཐོང་མ་མྱོང་པའང་འདུག ངོ་མ་བཤད་ན། ཁོང་ཚོ་ནི་གནའ་བོའི་བྷོཊ་རེད། དེ་བས་ཉིན་གྲངས་མང་པོའི་རྒྱགས་བྲོ་རྒྱབ་ལ་འཁུར་ཏེ་གངས་ཏི་སེ་བསྐོར་དུ་སོང་བ སོགས་བོད་ས་བོད་ཡུལ་ལ་ཆ་རྒྱུས་ཟབ་ཙམ་ཡོད།བལ་ཡུལ་གྱི་འདས་དུས་ཏེ། རྒྱལ་པོ་ལམ་ལུགས་ཀྱི་སྐབས་སུ། ཧིན་དྷུའི་ཆོས་ལུགས་ཀྱི་གཞི་རྩའི་སྟེང་ནས་རྒྱལ་ཁྲིམས་བཟོས་ཤིང་རྒྱལ་འབངས་བསྐྱངས་པས། ནང་བསྟན་དང་བོད་ཡིག་ལ་དབུགས་འབྱིན་པའི་ཁོར་ཡུག་ནི་ཧ་ཅང་དོག་མོ་ཞིག་ལས་མེད་ཅིང་། དེའི་སྟེང་གཞུང་འཛིན་མགོ་མཁྲེགས་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་འབུར་འཇོམ་དང་རྩ་མེད་གཏོང་བའི་བྱ་བྱེད་ཀྱང་རབ་དང་རིམ་པར་བརྩམས་ཡོད། གང་ལྟར་ཡང་ཕྱི་ལུགས་ ༡༩༨༩ ལོར་དོལ་པོ་ཕྱི་རྒྱལ་ཡུལ་སྐོར་བར་སྒོ་མོ་ཕྱེ་ནས་བཟུང་། ཕྱི་རྒྱལ་བའི་སྒེར་ཚོགས་འདྲ་མིན་གྱིས་མཐུན་རྐྱེན་སྦྱར་ཏེ་སློབ་གྲྭ་གང་ས་གར་འཛུགས་ཐུབ་པ་བྱུང་ཞིང་། དེ་དག་གི་ནང་དུ་བོད་ཡིག་ཀྱང་བོད་གཞུང་གིས་དཔར་བསྐྲུན་བྱས་པའི་སློབ་དེབ་ཁག་སྤྱད་དེ་སློབ་ཁྲིད་ཀྱི་མེ་ཁ་གསོ་ཐུབ་པ་བྱུང་།  ཕྱི་ལུགས་ ༢༠༠༦ ལོར་བལ་པོའི་རྒྱལ་རྒྱུད་ལམ་ལུགས་མགོ་རྟིང་བསློགས་ཤིང་ཆོས་ལུགས་ལ་མ་བརྟེན་ (Secular) པའི་རྩ་ཁྲིམས་བཟོས་ཤིང་བསྒྲགས་ནས་བཟུང་། ཧི་ལ་ཡའི་བོད་རིགས་རྣམས་ལ་སོ་སོའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་རང་དབང་གང་ལ་གང་འཚམས་ཤིག་གཞི་ནས་ཐོབ་པར་གྱུར། གོ་སྐབས་དང་རེ་བ་གསར་བ་འདིའི་ནང་དུ། དོལ་པོ་བ་ཚོས་ཀྱང་ཤེས་ཡོན་པའི་ཚོགས་པ་བཙུགས་ཤིང་། སོ་སོ་རང་གི་སྐད་ཡིག་(བོད་ཡིག)སྟེང་སློབ་དེབ་སྣ་ཚོགས་རྩོམ་སྒྲིག་དང་དཔར་བསྐྲུན་བྱེད་མགོ་ཚུགས་ཡོད།

ད་ལྟའི་དབང་དུ་བྱས་ན།  བལ་ཡུལ་ལ་ཁྱོན་ཞིང་ཆེན་བདུན་དང་རྫོང་ ༧༧ ཡོད་པར། དོལ་བོ་ནི་ཀཱར་ན་ལི་ཞིང་ཆེན་གྱི་དྭ་ནཱི་ (Donai འདི་ལ་བོད་ཡིག་ཏུ་ “དུང་ཉལ་” ཞེས་བྲིས་པའང་མཐོང་) རྫོང་གི་ཁོངས་སུ་གཏོགས། དོལ་པོའི་(སྟོད་)ཡུལ་གྱི་ཆགས་རིམ་རགས་རིམ་ཙམ་དུ་དབྱེ་ན། འཆར་ཁ། མདོ་ལྟ་རབ། གསལ་ལྡིང་། གཏིང་རྒྱས་བཅས་ལུང་གཤོང་བཞིར་འདུས་ཤིང་། མི་གྲངས་ནི་ ༡༨༠༠༠ ཡས་མས་ཙམ་རེད། ཝི་ཁི་ཕི་ཌ་ཡ་ལྟར་ན། དོལ་པོར་ཁྱོན་བསྡོམས་དགོན་པ་ ༡༣༠ ཙམ་ཡོད་པར་ (དོལ་པོ་སྟོད་སྨད་གཉི་གའི་ལྷ་ཁང་ཆུང་ངུ་ཡན་ཆད་ཀྱང་དགོན་པར་རྩིས་སྣང་།) ལ་ལ་དག་ལ་ལོ་ངོ་ ༡༠༠༠ དང་ ༨༠༠ ལྷག་གི་ལོ་རྒྱུས་ལྡན། སྟོན་ཐོག་ལ་བྲ་བོ། ཁྲེ། ཞོག་ཁོག ཡོངས་དཀར། གྲོ ནས། ལ་ཕུག སྔོ་པཱ་ལག་སོགས་འདེབས།

ལོ་རྒྱུས་ཀྱི་དབང་དུ་བྱས་ན། དོལ་པོ་ནི་བོད་བཙན་པོའི་རྒྱལ་ཁོངས་སུ་གཏོགས་ཤིང་། དུས་རབས་དགུ་པར་བོད་བཙན་པོའི་རྒྱལ་ཁབ་སིལ་བུར་ཐོར་རྗེས། འུ་དུམ་བཙན་པོའི་སྲས་འོད་སྲུང་ལྷོ་ཁའི་ཕྱོགས་སུ་བཙན་བྱོལ་ལྟ་བུར་ཕེབས་ཤིང་གཞིས་ཆགས། དེར་ཁོང་ལ་སྲས་དཔལ་འཁོར་བཙན་བྱོན། མངའ་བདག་དཔལ་འཁོར་བཙན་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་སྐྱིད་སྡེ་ཉི་མ་མགོན་གཉིས་འཁྲུངས། སྐྱིད་སྡེ་ཉི་མ་མགོན་ཡུལ་གྱར་ལྟ་བུར་སྟོད་མངའ་རིས་སུ་ཕེབས། དེར་རིམ་གྱིས་ཁ་རྗེ་དབང་ཐང་རྒྱས་ཏེ། སྟོད་མངའ་རིས་སྐོར་གསུམ་དབང་དུ་བསྒྱུར་ཅིང་དེའི་རྒྱལ་པོར་གྱུར།   མངའ་རིས་སྐོར་གསུམ་ནི། སྤུ་ཧྲེང་དང་། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང་། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག འཆིམ་མམ་ལི་དང་། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག་སྟེ། སྐོར་གསུམ་དུ་རྩིས་པར། དོལ་པོ་ནི་དང་པོའི་ནང་ཚན་སྤུ་ཧྲེང་གི་ཁོངས་གཏོགས་རེད། སྐྱིད་སྡེ་ཉི་མ་མགོན་ལ་སྟོད་ཀྱི་མགོན་གསུམ་དུ་གྲགས་པའི་སྲས་གསུམ་འཁྲུངས་ཤིང་། ཡབ་ཀྱིས་སྲས་གསུམ་ལ་མངའ་རིས་བཅད་བགོས་བྱས་ནས། གུ་གེ་ཁ་འཐོར་རྒྱལ་ཕྲན་དུ་གྱུར། དེ་ནས་བཟུང་སྤུ་ཧྲེང་སྲས་བར་བ་བཀྲ་ཤིས་མགོན་གྱིས་བཟུང་།

སོག་དམག་གིས་བོད་དུ་དཔུང་འཇུག་བྱས་ཤིང་། ཆོལ་ཁ་གསུམ་ས་སྐྱ་བར་དབང་ཡོན་དུ་ཕུལ་ནས་བཟུང་ས་སྐྱས་དབང་བསྒྱུར། དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་དུ། ཡ་རྩེའི་རྒྱལ་པོ་ཨ་སོག་ལྡེའི་མངའ་འོག་ཏུ་ཚུད། དུས་རབས་བཅུ་བཞི་བའི་ནང་ཤར་གྱི་ཁྱིམ་མཚེས་གློ་བོ་རྒྱལ་ཕྲན་གྱི་དབང་འོག་ཏུ་ཚུད་དེ་ཁྲལ་དང་འུ་ལག་ཀྱང་དེ་ལ་འཇལ། (སྤྱི་ལོ་༡༤༤༠) དུས་རབས་༡༥ དང་ ༡༦ པའི་ནང་དུ་རང་བཙན་ཡུལ་ཕྲན་དུ་གྱུར་ཏེ་རཱ་ནག་དཔོན་རྒྱུད་ཀྱིས་དབང་བསྒྱུར།

ཕྱི་ལུགས་ ༡༧༦༩ ལོར་ཀོར་ཁའི་སྟོབས་ཤུགས་དར་རྒྱས་སུ་སོང་སྟེ་ཀཱ་ཐ་མཎ་གྲུ་དབང་དུ་བསྡུས་ཏེ་བལ་ཡུལ་གཅིག་གྱུར་གྱི་རྒྱལ་སྲིད་བཙུགས། ༡༧༨༩ ལོར་ཀཱོར་རྒྱལ་ཛིངྒ་བྷ་དུར་གྱིས་གློ་རྒྱལ་སྲིད་ཁྱུད་མིད་བཏང་པ་དང་མཉམ་དུ་དོལ་པོ་ཡང་དབང་འོག་ཏུ་བཙུད། དུས་དེ་ནས་བཟུང་དོལ་པོ་ནི་བལ་ཡུལ་གྱི་རྒྱལ་ཁོངས་སུ་གྱུར་ཏོ། །

ཨ་ཙི། གཏམ་མང་ན་ཉོག་འགྲོ། ཉོག་གཏམ་ལ་འབྱམས་ན་དུས་ཀྱི་ཚོད་ཀྱང་མི་ཟིན། གལ་སྲིད་དགུན་ཟླ་བཅུ་པ་ཤར་རག་བར་ལུས་ན།  ཁྱུད་མོར་འབྲེལ་བའི་རི་མཐོ་རྣམས་ཀྱིས་ཁ་བ་གངས་ཀྱི་གོ་ཁྲབ་གྱོན་ཞིང་དར་འཁྱགས་ཀྱི་ར་བ་བརྩིགས་ནས། ང་ཚོ་ཕྱིར་འཁོར་ཏུ་མི་སྟེར།  གལ་ཏེ་དེ་ལྟར་གྱུར་ཚེ། ལོ་རྟིང་མའི་དཔྱིད་ཉི་མ་ཤར་བར་དུ་གངས་ཁྲོད་དུ་བཟང་བཙོན་ལྟ་བུར་ལུས་སྲིད། དེས་ན་མྱུར་དུ་ལོག་ནས་འགྲོ རེ་ཞིག་བདེ་མོ་བྱོས། འཛམ་གླིང་གི་རྩེ་མོར་གཡང་ཆགས་པའི་དོལ་པོ་ལགས། །

སྨྲས་པ།

གངས་ཆུ་བདུད་རྩི་གྱ་མ་གྱུ། །མེ་ཏོག་སྨན་རྩྭ་མགོ་ལྕོག་ལྕོག ། །གནའ་བ་དགོ་བ་ལྷ་བྱ་ཡང་། །ཁྱུ་བྱས་གམ་དུ་རྒྱུ་བའི་གནས། །
གངས་བྲག་མཆེ་བ་གནམ་ལ་གཙིགས། །བྱ་རྒོད་གཤོག་རྩ་སྐེད་ན་འདར། ། གཡུ་ཡི་སྤང་རིར་འབྲི་གཡག་མཛོ། །རྔ་ལང་མཆོང་རྒྱུག་དགའ་མགུར་རྩེན།
ས་གཙང་རླུང་བསིལ་ཆུ་ཞིམ་ལ།  །ཤི་བ་གསོ་ནུས་སྨན་ཡང་སྐྱེ། །འདུ་འཛི་བྲལ་པའི་སྒྲུབ་ཁང་དུ། །ཚེ་བློས་བཏང་བའི་སྒོམ་ཆེན་མང་། །
གྲུབ་ཐོབ་སྨྱོ་སྤྱོད་ཡ་མ་ཟུང་། །དད་ལྡན་དག་སྣང་ཡུག་གཅིག་པ། །ལྔ་བརྒྱ་ཐ་མ་ལུང་གི་ལེའུ། །འདི་ལ་འབྱུང་ངམ་འཕྱང་མོ་ཉུག།།

ཅེས་ཀྱང་ཐལ་ལོ། །སརྦ་མངྒཱ་ལཾ། །

རྫོགས།

བསྐྱར་བཅོས།: ༢༠༡༨/༠༩/༠༤

Leave a Reply

6 thoughts on “དོལ་པོའི་ཁ་བརྡ། (ཚན་པ་གཉིས་པ།)

  1. དོལ་པོ་སྤྲུལ་འཆི་མེད་ཚེ་དབང་།

    ༡༽ སྤྱིར་བཏང་ཧ་ཅང་ཡག་པོ་བྲིས་འདུག འོན་ཀྱང་རང་ས་རང་ཡུལ་ལ་ཁོ་བོ་རྒྱུས་མངའ་ཟབ་པའི
    སྟབས་ཀྱིས་ཐ་སྙད་འགའ་ལ་ཞིབ་ཆ་མ་ཐོན་པ་ཡང་མཐོང་། དེ་ནི་ཡོང་ངེས་པ་ཞིག་རེད། འོན་ཀྱང་འདི་ནས་ཁོ་བོས་ཤེས་དང་དོགས་ཡོད་འགའ་བཀོད་ན། དཔེར་ན། ཁྱོག་མཐོང་ལ་མཆོག་ཐོང་ཞེས་བྲིས་འདུག འདི་ཡང་རྩོམ་པ་པོའི་སྒྲ་གདངས་ཀྱི་རྐྱེན་པས་ཡིན་པ་འདྲ། ཁྱོག་མཐོང་ཞེས་པ་འདི་ཚིག་མཛོད་འགར་ཡང་ཐ་སྙད་འདི་མཐོང་རྒྱུ་ཡོད། ཚུལ་མིན་འཁྲིག་སྤྱོད་ལས་སྐྱེས་པའི་བུ་ཕྲུག་རྣམས་ལ་ཉལ་ལོ་ཞེས་བྲིས་འདུག་ཀྱང་ཁ་སྐད་དུ་ཉལ་ལུ་ཟེར། སྐད་འདི་ཡང་གཙང་ཕྱོགས་ཕལ་ཆེ་བའི་ཁ་སྐད་ལས་དོལ་པོའི་ཐུན་མིན་སྐད་མིན། ཉལ་ལུ་ནི་དོན་དུ་ནལ་བུ་ཟེར་བ་དང་དོན་གཅིག འོན་ཀྱང་ཉ་དང་ན་སྒྲ་གདངས་ཉེ་བ་ལས་འཛོལ་བ་མང་བ་དང་། མིང་མཐའི་བུ་ལ་ཁ་སྐད་དུ་ལུ་ཟེར་བ་མང་སྟེ། དྲིལ་བུ་ལ་དྲིལ་ལུ་ཟེར་སྲོལ་ཡོད་པ་ལྟར་ཟུར་ཆག་པ་རེད། ད་དུང་ཡུལ་མིང་ཚྭ་དགའ་ལ་འཆར་ཁ་ཡིན་ནམ་ཞིག་བྲིས་འདུག་མོད། དེ་མིན་རོང་པའི་སྒྲ་གདངས་ཡིན། དེ་བཞིན་མདོ་རྟ་རབ་ལ་ལྟ་རབ། ས་འདང་ལ་ས་ལྡིང་སོགས་ཀྱང་འདུག
    ༢༽ དེ་བཞིན་དོལ་པོ་སྨད་ཅེས་པ་འདི་ནི་དུས་རབས་འདིར་གྲགས་པ་ཙམ་ལས་ལོ་རྒྱུས་ཐོག་ཏུ་མེད། དེ་ཡང་ཆབ་སྲིད་མཁན་དང་ཡམ་བུ་སོགས་ལ་སྡོད་མཁན་འགའ་ལ་གྲགས་པ་ཙམ་ལས་ཡུལ་མི་བྱིངས་ཀྱིས་དོལ་པོར་མི་བརྕི། ས་དེ་ལ་ཏི་ཆུ་རོང་ཟེར། འགའ་ཤས་ཀྱིས
    གཏེར་ཆུ་རོང་དང་ཏི་སེ་རོང་ཞེས་འགྲེལ་བཤད་ཡོད་པ་བཟོས་འདུག སྐད་ནི་དོལ་པོའི་སྐད་དང་ཉེ་ཙམ་གྱི་བོད་སྐད་རང་རེད། ཡུལ་རང་ན་སྐད་དེ་སྨྲ་མཁན་མང་ཡང་ས་དམའ་སར་གནས་པ་རྣམས་ཕ་ཡུལ་སྐད་དེ་ལ་དོ་སྣང་མེད་པར་བལ་སྐད་ཁོ་ན་སྤྱོད་མཁན་མང་བར་མཐོང་། དེ་ལས་ཀྱང་དུང་ཉལ་རྫོང་མན་ཆོད་རྣམས་དོལ་པོར་བརྩི་སྲོལ་མེད། འོན་ཀྱང་ཁམས་པ་ཟེར་བའི་ཡུལ་སྡེ་ཁ་ཤས་ཡོད་བདེན་རེད། ཆས་གོས་དམིགས་བསལ་ནི་མཐོང་མ་མྱོང་། འོན་ཀྱང་སྐད་ནི་བོད་སྐད་རང་ཡིན། ཁོང་ཚོ་གང་ནས་འོངས་པའི་ལོ་རྒྱུས་དམིགས་བསལ་བཤད་རྒྱུ་མེད་ཀྱང་བོད་ནས་འོངས་པར་ཁས་ལེན། ཁོང་ཅག་ནི་རོང་པའི་ཡུལ་དུ་ས་སྟོང་ཁག་བཟུང་ནས་བསྡད་པའི་བྱེས་པ་འདྲ་བོ་འདུག དུས་འགྱུར་སྐབས་འོངས་པའི་བྱང་གི་འབ྄ོག་པ་གནས་བཅས་པ་འགའ་ཡང་ཡོད། རྒྱ་གར་ཁམས་པ་དང་ཆ་འདྲ་བ་མིན་ནམ་སྙམ། འོན་ཀྱང་དེང་སང་ནི་གཡས་གཡོན་ཆ་ཚང་རོང་པ་ཡིན་པས་ཁོང་ཅག་ནི་རོང་པར་འགྱུར་ཚབས་ཆེ། ཡིན་ནའང་དོལ་པོ་གང་དུ་ཆགས་པའི་རྫོང་གཅིག་པའི་མི་སུ་ཡིན་ཡང་དགོན་སྡེ་ཁག་ཏུ་དོལ་པོའི་མིང་ཐོག་ཏུ་ཡོད།
    ༣༽ ད་དུང་དོལ་པོ་སྟོད་ཕྱོགས་མི་འདི་དག་བོད་རིག་གཞུང་ལ་ཤ་འདྲེས་རུས་འདྲེས་གྱུར་པས་རྒྱལ་ཁབ་བལ་ཡུལ་ཡིན་པའི་ཤ་ཞེན་ནི་ལོས་ཡོད་དེ། བོད་ནས་ཐོན་པའི་གླུ་གཞས་དང་གློག་བརྙན། གོམས་སྲོལ་བཅས་དང་ལེན་བྱེད་པར་ཤིན་ཏུ་སྤྲོ་ཤིང་གཙོ་བོར་འཛིན། དེ་ནི་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་བདག་སྤྲོད་ཆེད་མ་ཡིན་མོད། གོམས་སྲོལ་གྱིས་ངང་གིས་འཇུག་པར་དགའ། བལ་ཡུལ་ཧི་མ་ལ་ཡ་མང་ཆེ་བ་ཆབ་སྲིད་ཀྱི་ཤུགས་རྐྱེན་གྱིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་ཅི་རིགས་ཀྱིས་རང་ཉིད་བོད་རིགས་ཡིན་པར་ཁས་མི་ལེན་པ་དང་། བོད་དང་ས་མཚམས་མི་རིགས་ཀྱི་དབྱེ་འབྱེད་བྱེད་མཁན་མང་ཡང་དོལ་པོ་ནི་ཆབ་སྲིད་ཀྱི་ཤུགས་རྐྱེན་དེ་ཙམ་མ་ཕོག་པས་ཡུལ་མི་བྱིངས་ཀྱིས་སྔར་སྲོལ་ལྟར་རང་ཉིད་བོད་རིགས་ཡིན་པར་ཁས་ལེན། བོད་པ་དང་བོད་སྐད། བོད་ཡུལ་བཅས་སྒྲ་ཡངས་པའི་དབང་དུ་བཏང་པའམ་རོང་པ་དང་བོད་པ་བཟླས་ཕྱེ་ན་དོལ་པོ་ཡང་བོད་པ་ཡིན་པར་ཁས་ལེན། འོན་ཀྱང་སྒྲ་དོག་པའི་དབང་དུའམ་མོན་བོད་ཟླས་མ་ཕྱེ་ན་དབུས་གཙང་གཉིས་ལས་མངའ་རིས་དང་མདོ་ཁམས་ལའང་བོད་མི་ཟེར་བ་བཅས་ས་མཚམས་དང་མི་རིགས་བར་ལ་གྲིས་བཅད་པ་ལྟར་ང་དང་ཁྱེད་ཀྱི་བར་ཐག་མེད།
    ༤༽ དོལ་པོར་ཨ་ནེ་དང་ཨ་ཞང་གི་ཕྲུ་གུ་རྣམས་གཉེན་སྒྲིག་པ་བདེན་པ་རེད། འོན་ཀྱང་ལུགས་དེ་བལ་ཡུལ་མཐའ་མཚམས་བོད་རིགས་ཕལ་ཆེ་བ་ལ་ཡོད་ པ་ཟད། མོན་དང་འབྲུག་ཤར་ཕྱོགས་སོགས་སུ་ཡང་འདུག་པས་འདི་གནའ་བོའི་ལུགས་སྲོལ་ལ་ཤུགས་རྐྱེན་མ་ཐེབས་པའི་གྲས་ཤིག་མིན་ནམ་སྙམ་སྟེ། ལོ་གསར་བརྩི་དུས་སོགས་ཀྱང་ཡུལ་ལུང་དེ་དག་ལ་དམིགས་བསལ་འདྲ་བའི་ཆ་འདུག་པས་འདི་ལ་ཞིབ་འཇུག་ཅིག་ངེས་པར་དགོས་འདུག་སྙམ། སྤྲིན་དཀར་ལམ་རྙིང་གཞིར་བྱས་ན་བདག་ཅག་གི་སྟོན་པའི་བཙུན་མོ་ཡང་ཨ་ནེའི་བུ་མོ་ཡིན་ཚུལ། རྒྱལ་པོ་མ་སྐྱེས་དག྄་རྒྱལ་པོ་གསལ་རྒྱལ་གྱི་ཚ་བོ་དང་བུ་མོའི་མག་པ་ཡིན་ཚུལ་ཡང་གསལ།
    ༥༽ དོལ་པོའི་ལུགས་སུ་བུད་མེད་བརྒྱ་ལ་འབྲེལ་བ་བྱེད་ཐུབ་ན་བརྒྱ་དོར་ཟེར་བ་ཆུ་ལ་བསྐུར་བ་སོགས་ཀྱི་ལུགས་ཀྱང་འདུག་ཅེས་བྲིས་འདུག་མོད། ངས་ནི་དེ་ལྟར་གཏན་ནས་གོ་མ་མྱོང་ལ། མ་མཐའ་ཡང་ངེད་ཅག་ནང་ཁོངས་ཚོ་གསུམ་ན་མེད་པ་ཁས་ལེན་ཐུབ། འོན་ཀྱང་རྩོམ་པ་པོས་ཞིབ་འཇུག་བྱ་སའི་ཡུལ་དེར་ཡོད་ཀྱང་སྲིད་པ་རེད། སྤྱི་ཡོངས་ནས་རྩོམ་པ་པོས་ཞིབ་ཆ་ཆེན་པོ་བྲིས་འདུག་པས་དུས་ཚོད་དང་གང་ཅིའི་ཐད་ནས་དཀའ་ངལ་ཆེན་པོ་བརྒྱབ་ཡོད་པར་དཔོགས་ནུས། དེ་བས་ན་རྩོམ་པ་པོ་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུའོ།། མགྱོགས་བྲིས་བྱས་པ་དང་ཁ་པར་གྱི་མཐེབ་གཞོང་ཆུང་དྲགས་པས་ཡིག་ནོར་བྱུང་བ་རྣམས་ལ་བཟོད་གསོལ་ཞུ།

  2. བོད་ཀྱི་དུས་བབས་ཚང་ལ་ཞུ་རྒྱུ།
    དོལ་པོ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་རྣམས་ལ་ངོས་ལེན་དང་བཅས་པའི་སྒོ་ནས་ཁྱེད་ཀྱི་ཚགས་ཤོག་དང་དྲྭ་ནང་དུ་འགྲེམ་སྤེལ་གནང་རོགས། དེ་བཞིན་དོལ་པོ་ཡུལ་ལུང་གི་ཆོས་རིགས་དང་། སྲོལ་རྒྱུན།ལོས་རྒྱུས་དང་འགལ་པའི་རྩོམས་རིགས་དོགས་གཞི་ཅན་རྩོམས་པ་པོ་སུ་ཡིན་ཡང་ངོས་ལེན་མ་གནང་རོགས། གང་ཡིན་ཟེར་ན། བརྡ་དག་དང་ལོས་རྒྱུས་གི་བཟོ་འདྲ་དེབ་ཐེར་ཁག་གཅིག་གི་ནང་དོལ་པོ་ཟེར་བའི་ཚིག་ལ་བབ་དེ་འགྲེལ་བཤད་ལོག་པ་རྒྱབ་པ་དེ་འདྲ་འདུག བྱས་ཙང་མཁྱེན་པ་ཆེར་གཟིགས་གནང་རོགས་གནང་།