ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་འདེམས་སྒྲུག་གི་བརྒྱུད་རིམ་ནས་སྲིད་སྐྱོང་བཤོལ་དགོས་སམ།

ཐུབ་དབྱིག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ངག་དབང་ཆོས་གྲགས་ལགས་བགྲེས་ཡོལ་སྔ་བསྣུར་ཞུས་རྗེས་ཁོང་གི་ཚབ་གསར་པ་འདེམས་སྒྲུག་གི་ལས་གཞི་འགོ་འཛུགས་གནང་དགོས་ཀྱི་ཡོད་པ་དང་། བརྒྱུད་རིམ་དེ་ནི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས།   ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་ཁྱབ་ཁྲིམས་ཞིབ་པ་བཀའ་བརྒྱུད་དོན་གྲུབ་ལགས་བཅས་བཞིས་འོས་མི་འདེམས་སྒྲུག་གི་ཚོགས་ཆུང་ཟུར་འཛུགས་གནང་རྗེས་ལས་དོན་འགོ་འཛུགས་བྱེད་དགོས་ཀྱི་ཡོད་པ་དང་། ཚོགས་ཆུང་དེ་ནས་མིང་འདོན་བྱས་པའི་ཚོགས་མི་ཚོས་ཁྲིམས་ཞིབ་པ་གཞན་གྱི་འོས་མི་གཉིས་ལས་མི་ཉུང་བ་མིང་འདོན་གནང་དགོས་ཀྱི་་ཡོད།

 ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་གྱོད་འཛུགས་བྱས་པའི་ཁ་མཆུ་ཨང་ཉི་ཤུ་པའི་གྱོད་ཡ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་དབུ་ཁྲིད་པའི་བཀའ་ཤག་ཡིན་པ་དང་། གསར་དུ་འདེམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་གསར་པ་དེས་ཁ་མཆུ་དེ་ཐག་གཅོད་ལ་ཤུགས་རྐྱེན་ཆེན་པོ་བྱེད་རྒྱུ་ངེས་པ་རེད། དེར་བརྟེན་ད་ཆ་དྲི་བ་ཆེན་པོ་ཞིག་ང་ཚོའི་མདུན་ཡོད་པ་དེ་ནི་ཆེས་མཐོའི་ཁྲིམས་ཁང་ལ་སྤྱི་དམངས་གཏུག་བཤེར་རྩ་འཛིན་གཞིར་བཟུང་གྱོད་འཛུགས་བྱས་པའི་གྱོད་ཡ་གཅིག་ཁ་མཆུ་དེ་ཁྲིམས་ཐག་གཅོད་མཁན་གྱི་མི་འགྲོ་འོས་འདེམས་གྱི་བརྒྱུད་རིམ་ནང་ཉམས་ཞུགས་གནང་ན་ཁྲིམས་ལུགས་ལ་འགོག་རྐྱེན་དང་དྲང་བདེན་ལ་གནོད་གཞིར་འགྱུར་གྱི་མ་རེད་དམ་ཞེས་པའི་དྲི་བ་དེ་རེད།

མང་གཙོའི་སྤྱི་ཚོགས་ནང་དྲང་བདེན་གྱི་ཞིབ་འཇུག་དང་ཁྲིམས་ཁང་ནང་ཁྲིམས་གཏུགས་སོགས་ལས་དོན་གང་ཞིག་ལ་ཐད་ཀར་རམ། བརྒྱུད་དེ་འབྲེལ་བ་ཡོད་པ་ཞིག་ཡོད་ན་སྐྱེ་བོ་དེ་བརྒྱུད་རིམ་དེ་ནས་ཕྱིར་བཤོལ་བྱས་ཏེ། བརྒྱུད་རིམ་དེའི་ནང་དངོས་ཤུགས་ཀྱི་ཐེ་གཏོགས་མེད་པར་བཞུགས་དགོས་ཀྱི་ཡོད། དཔེར་ན་དེང་སྐབས་ཨ་རིའི་ནང་སྤྱི་ལོ་ ༢༠༡༦ ལོའི་སྲིད་འཛིན་འོས་བསྡུའི་ནང་ཨུ་རུ་སུས་ཐེ་གཏོགས་བྱས་ཡོད་མེད་ཞིབ་འཇུག་གི་བརྒྱུད་རིམ་ནང་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཇེཕ་ སེ་ཤན་ལས་དོན་དེ་དང་འབྲེལ་ཡོད་ཐག་གཅོད་ཡོངས་ནས་ཕྱིར་བཤོལ་བྱས་ཏེ། དབུས་ཁྲིམས་འཛིན་ལྷན་ཁང་གིས་ཞིབ་དཔྱོད་དེ་དང་འབྲེལ་ཡོད་ལས་དོན་ནང་དངོས་ཤུགས་ཀྱི་ཆ་ཤས་གཏན་ནས་ལེན་གྱི་མེད། དེ་ནི་ཇེཕ་ སེ་ཤན་ཞིབ་དཔྱོད་བྱེད་ཀྱི་ལས་དོན་དེའི་ནང་དངོས་ཤུགས་ཀྱི་འབྲེལ་བ་ཡོད་པའི་མི་སྣ་གཅིག་ཡིན་པར་བརྟེན་དྲང་བདེན་གྱི་ཞིབ་དཔྱོད་གཅིག་ཡོང་ཐབས་ལ་ཞིབ་དཔྱོད་དེ་དང་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ཀྱི་ལས་དོན་ཡོངས་ནས་ཁོང་གིས་ཕྱིར་བཤོལ་གནང་ཡོད།

སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཁ་མཆུ་ཨང་ཉི་ཤུ་པ་དེ་དྲང་བདེན་གྱི་ཐག་གཅོད་ཡོང་ཐབས་དགོངས་པ་བཞེས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གྱི་འོས་མི་འདེམས་སྒྲུག་གི་བརྒྱུད་རིམ་ནས་ཕྱིར་བཤོལ་གནང་དགོས་པ་ཡིན། གལ་སྲིད་བརྒྱུད་རིམ་དེ་ནས་ཕྱི་བཤོལ་མ་གནང་བར་ཁྲིམས་ཞིབ་པ་གསར་པའི་འོས་མིའི་ཁོངས་ཁོང་དང་འབྲེལ་བ་ཡོད་མཁན་མི་སྣ་གཅིག་གམ། ཡང་ན་རྒྱབ་སྐྱོར་གནང་མཁན་མི་སྣ་གཅིག་འོས་གཞིའི་ཁོངས་མིང་འདོན་བྱས་ཚེ། ཁ་མཆུ་ཨང་ཉི་ཤུ་པར་ཉན་ཞིབ་འགོ་འཛུགས་མ་གནང་གོང་ནས་རྙོག་གླེང་འགོ་འཛུགས་བྱ་རྒྱུ་དང་། དེས་ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དུམ་བུར་འཐོར་ནས་ཆིག་བསྒྲིལ་གྱི་གནས་སྟངས་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཚད་དམའ་ཤོས་ལ་སླེབས་ཡོད་པ་དེ་ད་དུང་སྡུག་ཏུ་འགྲོ་ཉེན་ཡོད། དེས་ན་བཀའ་ཤག་གི་དགོངས་པ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ཉི་ཤུ་པ་དེ་དྲང་བདེན་གྱི་ཐག་གཅོད་བྱུང་བར་མང་མོས་ཀྱིས་ངོས་འཛིན་ཡོང་རྒྱུར་དགོངས་པ་བཞེས་ཀྱི་ཡོད་ཚེ། ཁྲིམས་ཞིབ་གཞན་གྱི་འོས་མི་འདེམས་སྒྲུག་གི་བརྒྱུད་རིམ་ནས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཕྱིར་བཤོལ་གནང་དགོས་པ་དང་། དེ་ལྟར་གནང་བ་ཡིན་ན་ཁ་མཆུ་ཨང་ཉི་ཤུ་པར་ཁྲིམས་ཐག་ཇི་འདྲ་ཞིག་བྱུང་བ་དེར་ཡིད་ཆེས་དང་། ཁོང་སྐུ་སྒེར་གྱི་གཟི་བརྗིད་དང་བཙན་བྱོལ་བོད་མིའི་མང་གཙོའི་གཟི་བརྫིད་ཀྱང་ཡིན་པས་ཐག་གཅོད་མ་འཛོལ་བ་གནང་གལ་ཆེ་བ་རེད། དེ་མཚུངས་སྤྱི་ཁྱབ་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ངོས་བཞེས་གནང་ཟིན་པར་བརྟེན་བཀའ་ཤག་གིས་ཁ་མཆུ་དེ་དག་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དགོངས་ཚུལ་གྱི་ཡིག་ཆུང་གནང་བ་སོགས་གཏན་ནས་གནང་རྒྱུ་མེད། དེ་ལྟར་གནང་ཚེ་ཁྲིམས་ལུགས་ལ་འགོག་རྐྱེན་བཟོས་པ་ཆགས་རྒྱུ་རེད། མང་གཙོའི་སྒྲིག་འཛུགས་ནང་འཛིན་སྐྱོང་གི་མི་སྣས་ཁྲིམས་ཁང་དང་གྱོད་ཞིབ་ལ་ཐེ་བྱུས་བྱས་པ་དེ་ཁྲིམས་ཀྱིས་བསྐྱངས་པའི་ལམ་ལུགས་ལ་འགོག་རྐྱེན་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད། བདེན་རྫུན་ཇི་ལྟར་ཡང་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ལས་མཚམས་འཇོག་དགོས་པའི་ཐག་གཅོད་དེ་༧གོང་ས་མཆོག་གི་དགོངས་པ་དང་འབྲེལ་བ་ཡོད་ཚུལ་བཀོད་དེ་སྤེན་པ་ཚེ་རིང་ལགས་ཀྱིས་ཞུ་གཏུགས་བྱས་པའི་ཁ་མཆུ་དེ་ངོས་ལེན་གནང་རྒྱུ་མེད་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡིག་ཆུང་བཏང་བའི་གནས་ཚུལ་ཞིག་གོ་རྒྱུ་འདུག གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ཚེ་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནོན་ཤུགས་སྤྲོད་ཐབས་བྱས་པ་ཞིག་ཡིན་པས་དེ་ནི་དྲང་བདེན་གྱི་ཁྲིམས་གཏུག་ཡོང་རྒྱུར་ཚབས་ཆེའི་འགོག་རྐྱེན་བཟོ་ཐབས་བྱས་པ་མ་ཟད། གསུམ་བཅུའི་དུས་དྲན་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་སྐད་གསང་ཐོན་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས་ན་འགྲིག་གི་རེད་ཅེས་གསུངས་པ་དང་། དེ་རྗེས་སྤྱི་འཐུས་གྲོས་ཚོགས་སུ་སྲིད་སྐྱོང་དང་བཀའ་བློན་རྣམ་པས་ཀྱང་ཁྲིམས་གཏུག་བྱེད་དགོས་གསུངས་པ་བཅས་ནི་མང་ཚོགས་ལ་སྡིག་བསྐུལ་བྱས་པ་ཙམ་ཞིག་ཆགས་རྒྱུ་རེད།

བསྐྱར་བཅོས།: ༢༠༡༨/༠༩/༠༦

Leave a Reply

16 thoughts on “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་འདེམས་སྒྲུག་གི་བརྒྱུད་རིམ་ནས་སྲིད་སྐྱོང་བཤོལ་དགོས་སམ།

 1. ༄༅། ཐུབ་དབྱིག་།
  མགོ་ཚོས་ལ་མ་ཚོས་པའི་ནང་དཀྲུགས་འགྲོ་རྐྱེན་གྱི་གནས་ཚུལ་དེ་འདྲ་མ་འབྲི།
  ཁུངས་སྐྱེལ་ཐུབ་པའི་གནས་ཚུལ་ཡོད་ན་ར་འཕྲོད་དང་བཅས་འདོན་དང།
  དེ་མིན་ཡིན་ལ་མིན་ལའི་ཀླད་སྟོང་གོ་སྐད་ངན་མ་ཤོད།

 2. གཞུང་པ་ཚེ་དབང་བསོད་ནམས་

  ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཆེས་མཐོའི་ཁྲིམས་ཁང་ཡོད་བཞིན་དུ་
  གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུགས་རྒྱུ་དེ་དག་ལས་སླ་པོ་ཞིག་ལ་
  ནམ་ཡང་ངོས་འཛིན་ཞུ་གི་མེད་ང་ཚོའི་བཅའ་ཁྲིམས་དོན་ཚན་བཅུ་
  གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་ཞིག་
  ཡིན་ན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་བཞག་ནས་
  གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་ནམ་ཡང་ཁྲིམས་གཏུགས་བྱེད་མི་ཐུབ་པ་དང་
  གལ་ཆེ་ཤོས་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཙན་བྱོལ་སྤྱི་
  ཚོགས་འདི་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་ཤར་བསྐྱོད་ཐུབ་པའི་ཁྲིམས་
  དང་སྒྲིག་གཞི་གཏན་འབེབས་རྒྱུད་ནས་ང་ཚོའི་ལས་དོན་ཡོངས་རྫོགས་
  འགྲུབ་དགོས་པ་ནི་ནང་ཁུལ་མཐུན་འབྲེལ་གྱི་རྨངས་གཞི་ངོ་མ་དེ་ཡིན་
  པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་ཆེས་མཐོའི་ཁྲིམས་ཁང་དུ་འབྱོར་བའི་
  ཁ་མཆུ་ཨང་ཉི་ཤུ་པ་དེ་དག་ནང་འགྲིག་ཆེད་བཙན་བྱོལ་སྤྱི་ཚོགས་ནང་
  ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་བཙན་བྱོལ་སྤྱི་
  ཚོགས་ལ་འགན་འཁུར་ནས་ཁ་ནང་གི་རྨ་ཁ་ནང་དུ་གསོ་ཐུབ་པའི་འགན་
  འཁུར་བླངས་ནས་འདུམ་སྒྲིགས་ཐུབ་པའི་འགན་འཁུར་བཞེས་དགོས་པ་
  ནི་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་ཚོགས་སྡེ་ཁག་སྤྱི་ཚོགས་ཞབས་ཞུའི་
  ཚོགས་སྡེ་ཡིན་ན་མིང་དོན་མཚུངས་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་
  ཞུ་གི་ཡོད་།

 3. བོད་གཞུང་ཁྲིམས་ཞིབ་ཁང་གི་ཀྲིམས་ཞིབ་པ་བགྲེས་ཡོལ་འགྲོ་ཚར་ཡོད་ན།དེ་འདྲའི་སྤོབས་པ་ཆེན་པོ་ཡོད་ན་གནས་ཡུལ་རྒྱལ་ཁབ་རྒྱ་གར་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱ་མཆོག་གི་རེད་བ།རྩོམ་རེ་གཉིས་ཙམ་བྲིས་པ་ཧ་ལས་ཡ་གང་ཡ་ཡོག་མ་རེད།།ཁྲིམས་ཁང་དུ་ཁ་མཆུ་རྒྱག་ན་འགྲིག་གི་རེད།དེ་མིན་ན་ངུར་ནས་བསྡད་རྒྱུ་ལས་གཞན་གང་ཡང་ལྷག་ཡོད་པ་མ་རེད།སྤྱང་ཀི་ནང་བཞིན་ངུར་ནས་སྡོད་ན་ཅི་ལ་ཕན།

 4. ཉམས་ཆུང་འོག་འདེགས།

  སུ་ཞིག་གིས་སྲིདསྐྱོང་ལ་གྱོད་འཛུགས་ག་ཙད་བྱས་ཀྱང་སྲིད་སྐྱོང་གི་དབང་ཚད་ལ་འགྱུར་བ་གཏན་ནས
  འགྲོ་མི་སྲིད་ལ་འགྲོས་པ་ཞིག་མ་རེད། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དང་། འཛམ་གླིང་གི་སྲོལ་ལུགས་གང་གི་ཆ་ནས་སྲིད་སྐྱོང་རང་རེད།