ཉི་ཧོང་ནང་སླར་ཡང་འབྱུང་བའི་གནོད་སྐྱོན་བྱུང་།

ཉི་ཧོང་ནང་སླར་ཡང་ས་ཡོམ་ཚད་རིམ་ ༦།༧ ཅན་ཞིག་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༦ རྐྱེན་འདས་དང་མི་ ༢༦ ལྷག་བོར་བརླག་ཏུ་ཕྱིན་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༥ ཉིན། ཉི་ཧོང་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་བ་ལྟར། ཁ་སང་ཉི་ཧོང་གི་བྱང་ཕྱོགས་ས་པུ་རའུ་གླིང་ཕྲན་ (Sapporo) ཏུ་ས་གནས་དེའི་ཞོགས་པའི་ཆུ་ཚོད་ ༣།༠༧ ཐོག་ས་ཡོམ་ཚད་རིམ་ ༦།༧ ཅན་ཞིག་བརྒྱབས་ཡོད་པ་དང་། སྐར་མ་ ༢༠ རྗེས་སླར་ཡང་ཚད་རིམ་ ༥།༣ ཅན་ཞིག་བརྒྱབས་ནས་ས་ཉིལ་བ་དང་ཁང་པ་བརྡིབས་པ་སོགས་ཀྱིས། ད་ལྟའི་ཆར་ཉུང་མཐར་མི་ ༡༦ ལྷག་རྐྱེན་འདས་དང་། མི་ ༢༦ ལྷག་བོར་བརླག་ཏུ་ཕྱིན། མི་ ༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་ཁ་སང་ཞོགས་པ་སྔ་བོར་ལས་ཁུངས་སུ་ཕེབས་ཏེ་གནོད་འཚེ་ཐེབས་པའི་ཡུལ་མིར་ཐུགས་གསོའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། གཞུང་གིས་གོད་ཆག་བྱུང་ཡུལ་ཁག་ལ་མྱུར་སྐྱོབ་འབྲེལ་མཐུད་དང་རོགས་རམ་ཆེད་ལས་སྒྲུབ་ཁང་ཞིག་ཆེད་འཛུགས་བྱས་ཡོད་ལ། ཚེ་སྲོག་སྐྱོབ་པ་ནི་གཞུང་གི་ལས་འགན་གཙོ་བོ་དེ་ཡིན། ཞེས་གསུངས་ཏེ། ཉི་ཧོང་གཞུང་གིས་ས་ཡོམ་གནོད་འཚེ་བྱུང་ཡུལ་དུ་མྱུར་སྐྱོབ་ཆེད་དམག་མི་ ༢༡༠༠༠ དང་ཐད་འཕུར་གནམ་གྲུ་ ༥༡། དེ་བཞིན་མཚོ་གྲུ་ ༡༢ བཅས་བཏང་ཡོད་པ་རེད།

ས་ཡོམ་དང་ཆར་རླུང་གི་རྐྱེན་གྱིས་ཉི་ཧོང་གི་ཁྱིམ་ཚང་ས་ཡ་ ༣ ཙམ་ལ་གློག་ཆད་ཡོད་ཀྱང་། དེ་རིང་ཁྱིམ་ཚང་བརྒྱ་ཆ་ ༤༠ ལ་གློག་བསྐྱར་མཐུད་བྱེད་ཐུབ་ཡོད་པ་དང་། གློག་ཡོངས་སུ་མཐུད་ཐུབ་པར་ད་དུང་བདུན་ཕྲག་གཅིག་ལྷག་འགོར་གྱི་ཡོད་འདུག་ལ། ཟམ་པ་དང་མེ་འཁོར་ལམ། གཞུང་ལམ་སོགས་ལ་རི་ཉིལ་གྱིས་གནོད་སྐྱོན་ཐེབས་ཡོད་སྟབས། རྒྱལ་ཡོངས་ཀྱི་འགྲིམའགྲུལ་དང་སྨན་བཅོས། མྱུར་སྐྱོབ་བཅས་ལ་དཀའ་ངལ་འཕྲད་བཞིན་པ་མ་ཟད། སློབ་གྲྭ་ཁག་དང་སྨན་ཁང་ ༤༠ ཙམ་སྒོ་རྒྱག་དགོས་བྱུང་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དེ་རིང་ནས་བཟུང་ས་པུ་རའུ་གླིང་ཕྲན་གྱི་གནམ་ཐང་ཆེ་ཁག་གི་སྒོ་འབྱེད་ཐུབ་པ་བྱེད་ཀྱི་ཡོད་འདུག་པ་དང་། མེ་འཁོར་གྱི་འགྲུལ་སྐྱོད་ཀྱང་བདུན་ཕྲག་འདིའི་ནང་མགོ་འཛུགས་བྱེད་ཀྱི་ཡོད་པ། གླིང་ཕྲན་དེར་ཡོད་པའི་ཉི་ཧོང་དང་ཆི་ལི་ (Chile) རྒྱལ་ཁབ་གཉིས་བར་རྐང་སྤོལ་རྩེད་འགྲན་ཞིག་འཚོགས་གཏན་འཁེལ་ཡོད་པ་དེའང་ཕྱིར་འགྱངས་བྱས་ཡོད་འདུག

དཔྱད་ཞིབ་བྱས་པ་ལྟར་ན། ཉི་ཧོང་ནི་ས་ཡོམ་བསྟུད་མར་བྱུང་བའི་ས་ཆ་ཞིག་ཡིན་པ་དང་། འཛམ་གླིང་གི་ཚད་རིམ་ ༦ དང་དེ་ཡན་གྱི་ས་ཡོམ་བརྒྱ་ཆ་ ༢༠ ཉི་ཧོང་ནང་བྱུང་བཞིན་ཡོད་འདུག་ལ། ལོ་རེར་ས་ཡོམ་ཐེངས་ ༡༥༠༠ ཙམ་བྱུང་གི་ཡོད་པ་མ་ཟད། ད་བར་ལོ་རྒྱུས་ནང་འཁོད་ཡོད་པའི་ཉི་ཧོང་གི་ས་ཡོམ་གོད་ཆག་ཆེ་ཤོས་ནི་ཕྱི་ལོ་ ༡༨༩༦ ནང་བྱུང་སྟེ་མི་ ༢༢༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཆར་རླུང་ཁྲོད་མི་ ༡༠ ལྷག་རྐྱེན་འདས་དང་མི་ ༤༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

 གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༠༧

Leave a Reply