བུད་མེད་ལྷན་ཚོགས་ལོ་ ༣༤ འཁོར་བའི་དུས་དྲན་སྲུང་གཙི་བྱས།  

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་འགན་བཞེས་ཟེར་དུས་རྩོད་རྒྱག་པའི་སྐད་ཆ་མིན་པར་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་ཉིན་རེའི་ཕྱག་ལས་གནང་སྟངས་བཅས་ཤེས་པའི་ཐོག་ནས་མཉམ་རུབ་བྱས་ན་སྤྱི་པའི་ལས་ཀར་ཕན་ཐོགས་ཡོང་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། དྷ་ས་མེག་གྷན་ཧི་མ་ཅལ་ཡུལ་སྐོར་སྤྲོ་འཆམ་(Club House)ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱུང་སྟེ་ལོ་ངོ་ ༣༤ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་ཁང་གི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། བཙུན་མའི་ལས་འཆར་ཁང་གི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས། བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དུས་དྲན་སྲུང་གཙི་དང་འབྲེལ་འཛམ་གླིང་དབུ་འཁྲིད་རྣམ་ལ་ཞུ་འབོད་ཞེས་པའི་བསྒྲགས་གཏམ་ཡི་གེ་ཞིག་སྒྲོགས་སྦྱང་གནང་བའི་ནང་།  ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ ཉིན་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༤ ཧྲིལ་བོ་འཁོར་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གྲུབ་འབྲས་ཆེན་པོར་ངོས་འཛིན་བྱས་ཏེ། དགའ་སྤོབས་ཆེན་པོས་སྲུང་བརྩི་ཞུ་བཞིན་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཞིན་ཆེས་ཐོག་མ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་རང་དབང་སྒེར་ལངས་བྱུང་རྗེས་ཕྱི་ཚེས་ ༡༢ ཉིན། ཆབ་སྲིད་རང་བཞིན་ལྡན་པའི་ཚོགས་པའི་ངོ་བོའི་སྟེང་ནས་དབུ་འཛུགས་ཞུས་པ་ཞིག་ཆགས་ཡོད། དེ་བཞིན་བཙན་བྱོལ་ནང་ཕྱི་ལོ་༡༩༨༤ ཟླ་  ༩ ཚེས་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཆབ་སྲིད་ཀྱི་ཚོགས་པའི་ངོ་བོའི་ཐོག་ནས་སླར་གསོ་གནང་ཡོདའང་། འདས་པའི་ལོ་ངོ་བཅུ་ཕྲག་རིང་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྤྱི་ཚོགས་ནང་བུད་མེད་ལ་སྨན་པའི་དགོས་གལ་མང་དག་ཅིག་ལ་འགན་ལེན་གནང་གི་ཡོད་པ་དངོས་སུ་གྲུབ་ཡོད། ཅེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲོམ་གཞིའི་འོག་བོད་མདོ་དབུས་ཁམས་གསུམ་གྱི་བུད་མེད་རྣམས་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུའི་ཡིད་ཆེས་ཡོད་ལ། ང་ཚོས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་འོག་ཞི་བདེ་དངབརྟན་ལྷིང་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་དང་བོད་མིའི་དབར་དམ་ཚིག་བརྟན་པོ་ཡོང་སླད་འབད་བརྩོན་ཞུས་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གནད་དོན་དེ་དག་ཡིད་ལ་བཅངས་བའི་ཐོག་བྱེད་སྒོ་ཁག་མུ་མཐུད་རྒྱུན་སྐྱོང་བྱས་ཏེ། དམིགས་བསལ་ཤེས་ཡོན་དང་བུད་མེད་ཀྱི་ནུས་སྟོབས་གོང་མཐོར་བཏང་སྟེ་རང་རེའི་སྤྱི་ཚོགས་ལ་སྨན་པའི་ལས་འགན་སྒྲུབ་བཞིན་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། སློབ་ཕྲུག་གི་ཚོགས་སྡེ་ཁག དེ་བཞིན་རྒྱལ་སྤྱིའི་བུད་མེད་ཀྱི་ཚོགས་པ་བཅས་ལ་འབྲེལ་མཐུད་ཧུར་ཐག་ཞུ་བཞིན་ཡོད། དེ་དག་གི་བརྒྱུད་ལམ་ལས་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་གྱི་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དང་འབྲལ་བའི་ཛ་དྲག་གི་གནས་སྟངས་སྐོར་གྲོས་བསྡུར་དང་བློ་འཚབ་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད། ཅེས་འཁོད་འདུག

རྒྱལ་སྤྱིའི་དབུ་འཁྲིད་དང་བོད་དོན་རྒྱབ་སྐྱོར་བ་ཚོར་འབོད་སྐུལ་གྱི་ནང་། གཅིག དབུས་བོད་མིའི་སྒྲིག་འཛུགས་ལྷན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་ནག་གི་དབུ་འཁྲིད་རྣམས་ལ་གནོན་ཤུགས་ཡོང་རྒྱུའི་འབོད་སྐུལ། གཉིས། ང་ཚོས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ལོ་ངོ་ ༢༣ ལྷག་རིང་བཙན་འཁྲིད་བཀག་ཉར་བྱེད་བཞིན་པའི་༧པཎ་ཆེན་སྐུ་འཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་བར་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་འཁོད་འདུག

མཇུག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་སྐབས། བུད་མེད་ལྷན་ཚོགས་ལྟ་བུར་མཚོན་ན་ལོ་ ༣༤ ཡི་རིང་ལ་ཆབ་སྲིད་ཀྱི་གནས་སྟངས་དང་། སྤྱི་ཚོགས་བདེ་དོན་གྱི་གནས་སྟངས། དེ་བཞིན་བུད་མེད་དང་འབྲེལ་བའི་ཐོག་ནས་གདོང་ལེན་གནང་དགོས་པ་དང་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་སྟོང་ཆ་མ་ལྷག་པར་ཁ་བསྐོང་ཞུ་ཐུབ་ཆེད་དུ་འབད་བརྩོན་རབ་དང་རིམ་པ་གནང་ཡོད་པ་རེད། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཐོག་ནས་འོས་བླུགས་ནས་བུད་མེད་ཀྱི་མགོ་ཁྲིད་སླེབས་ཐུབ་དང་མི་ཐུབ་ཀྱི་གནས་སྟངས་དེ་ཙམ་ལ་བརྟེན་ནས་བུད་མེད་ཀྱི་ནུས་པ་དང་ཐོབ་ཐང་ཡོད་མེད་ངོས་འཛིན་བྱེད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་རེད། སྤྱི་ཚོགས་དང་ཁྱིམ་ཚང་གང་འདྲ་ཞིག་ཏུའང་བུད་མེད་རྣམས་ལ་འགན་འཁྲི་ཆེ་བ་ཡོད་པ་གསལ་པོ་ཡིན་པ་རེད། དེ་བཞིན་བུད་མེད་རྣམས་ཀྱིས་སྤྱིར་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགན་འཁུར་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སོ་སོའི་ཁྱིམ་ཚང་ནས་མགོ་བཙུགས་ཏེ་བོད་མི་རིགས་དང་འབྲེལ་བའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ལ་ཤུགས་སྣོན་བྱེད་ཐུབ་པ་ཡིན་ན། དེའི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་ནུས་པ་དེ་ཨ་མ་ལགས་གཅིག་པུར་ཡོད་པ་མཐོང་གི་ཡོད་ལ། བོད་ཀྱི་འཐབ་རྩོད་ཀྱི་འབྱུང་ཁུངས་དེ་ཡང་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་ཐུག་ཡོད་པ་དང་། མི་རིགས་གཅིག་གི་འཐབ་རྩོད་ཟེར་བ་དེའི་འབྱུང་ཁུངས་ག་རེ་རེད་ཟེར་ན། འབྱུང་ཁུངས་དེ་མི་རིགས་དེའི་ཆོས་དང་རིག་གཞུང་སྐད་ཡིག་ཆགས་ཀྱི་ཡོད་རེད། འཐབ་རྩོད་ཀྱི་འབྱུང་ཁུངས་བརླགས་པ་ཡིན་ན་མི་རིགས་བརླགས་པ་དང་གཅིག་པ་འདྲ་པོ་ཞིག་ཆགས་ཀྱི་འདུག དེ་བརླགས་ན་འཐབ་རྩོད་ཟེར་བ་དེ་ཕལ་ཆེར་ཁག་པོ་རེད། ཅེས་གསུངས་སོང་།

ཡང་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཟིང་འཁྲུག་ལངས་བཅུག་གི་ཡོད་པ་དེ་ཚོར་དོ་སྣང་ཆེན་པོ་བྱེད་དགོས་པའི་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་འདི་མེད་པ་བཟོ་རྒྱུར་ཐབས་ཤེས་རིམ་པ་འཐེན་གྱི་ཡོད་པ་རེད། དེ་དངོས་སུ་ར་འཕྲོད་པ་དེ་འདྲ་ཡོད་པ་རེད། དེ་ཚོའི་གྲས་ཀྱི་གནས་སྟངས་ཆ་ཚང་བ་དེ་མཚམས་རེར་ང་ཚོས་མ་རྟོགས་ནས་སྐད་ཆ་གོ་བསྡད་པའི་གནས་སྟངས་ཤིག་ཆགས། ཡང་མཚམས་རེར་དེར་ཞིབ་འཇུག་བྱེད་མ་ཐུབ་དུས་སྤྱི་ཚོགས་ནང་ཟིང་འཁྲུག་ཡོང་བའི་གནས་ཚུལ་མང་པོ་ཡོང་གི་འདུག དེ་འདྲ་མ་ཡོང་བར་ཚང་མས་རྫི་གསང་རྣོན་པོའི་ཐོག་ནས་ང་ཚོའི་སྒྲིག་འཛུགས་ཀྱི་ནུས་པ་ཤུགས་ཆེ་རུ་སླེབས་ཐུབ་ཐབས་དང་། དམངས་གཙོའི་སྒྲིག་འཛུགས་ནང་ལ་མགོ་འཁྲིད་ལོ་ལྔ་ནང་ལ་འགྱུར་བ་འགྲོ་ཡི་ཡོད་སྟབས། གང་ལྟར་སྒྲིག་འཛུགས་འདི་ནུས་པ་དང་ལྡན་པ་ཚགས་ཚུད་པོ་ཞིག་ཡོང་བར་བོད་མི་ཞིག་ཡིན་ཕྱིན་ཚང་མར་འགན་ཡོད་དུས་དེའི་འགན་བཞེས་ཐུབ་དགོས་པ་རེད། འགན་བཞེས་ཟེར་དུས་རྩོད་རྒྱག་པའི་སྐད་ཆ་གང་ཡང་མ་རེད། ང་ཚོའི་སྒྲིག་འཛུགས་ཀྱི་གཞི་རིམ་གྱི་འགྲོ་སྟངས་ཤེས་དགོས་རྒྱུ་དང་། སྒྲིག་འཛུགས་ནང་ལོགས་ཀྱི་འགན་འཁུར་མཁན་ཚོས་ཉི་མ་ཉི་མར་ཕྱག་ལས་ག་རེ་གནང་གི་ཡོད་མེད་ཐོག་དོ་སྣང་བྱེད་ཐུབ་དགོས་རྒྱུ། དེའི་རྗེས་ལ་སོ་སོའི་ངོས་ནས་འགན་འཁུར་ཐུབ་པ་ག་རེ་འདུག ཆ་ཤས་བཞེས་ཐུབ་པ་ག་རེ་འདུག་དེ་ཚོའི་གྲས་ལ་སོ་སོས་མཉམ་རུབ་བྱེད་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད་བསམ་ཡོད། ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༠

Leave a Reply