ཨུ་རུ་སུ་དང་རྒྱ་ནག་གིས་དྲག་པོའི་སྟོབས་ཤུགས་མཉམ་འབྲེལ་བྱས།

ཨུ་རུ་སུས་རྒྱ་སོག་ས་མཚམས་ཤིག་ཏུ་ལོ་རྒྱུས་རང་བཞིན་ལྡན་པའི་དྲག་པོའི་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་མགོ་འཛུགས་བྱས་ཡོད་འདུགཨུ་རུ་སུ་གཞུང་གིས་ཡུལ་དེའི་ཤར་ཕྱོགས་ཀྱི་སོག་པོ་དང་རྒྱ་ནག་གི་རྒྱལ་མཚམས་སུ་ཐག་ཉེ་བའི་སི་བྷི་རི་ཡ་(Siberia)ཞེས་པའི་ས་ཆ་ཞིག་ཏུ། ཨུ་རུ་སུའི་དམག་མི་འབུམ་ ༣ དང་མཁའ་གྲུ་ ༡༠༠༠། དེ་བཞིན་མེ་སྒྱོགས་ ༣༦༠༠༠ ཆེད་སྤྱོད་ཀྱིས་(Vostok 2018 )ཞེས་པའི་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་ཁ་སང་ནས་མགོ་འཛུགས་བྱས་ཡོད་པ་དང་། བདུན་ཕྲག་འདིའི་མཇུག་ཙམ་ལ་རྒྱ་ནག་མི་མང་བཅིངས་གྲོལ་དམག་ཀྱང་མཉམ་ཞུགས་བྱ་རྒྱུ་ཡིན་སྟབས།  ཨུ་རུ་སུ་དང་རྒྱ་ནག་གིས་མཉམ་འབྲེལ་གྱི་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་ཨ་རིར་ཉེན་བརྡ་གཏོང་གི་ཡོད་སྐོར་བརྗོད་ཀྱི་འདུག

ཁ་སང་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་ཨ་རིའི་བདེ་སྲུང་དྲུང་ཆེ་ཇེམ་མཱ་ཐེ་སི་ (Jim Mattis) ལགས་ཀྱིས།  ཐེངས་འདིའི་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ནི་ཐབས་ཟད་དེ་མཉམ་འབྲེལ་བྱེད་བཞིན་པ་ཞིག་ཡིན་ལ། རྒྱལ་ཁབ་དེ་གཉིས་ཀྱིས་ཡུན་རིང་མཉམ་འབྲེལ་བྱས་ཀྱང་གྲུབ་འབྲས་ཆུང་ངུ་ཞིག་ལས་མཐོང་གི་མེད་ལུགས་བརྗོད་འདུག

བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། འདིའི་གཟའ་མཇུག་ཏུ་རྒྱ་ནག་མི་མང་བཅིངས་གྲོལ་དམག་མི་ ༣༢༠༠ དང་ཐད་འཕུར་གནམ་གྲུ་ ༢༤ ། དེ་བཞིན་མཁའ་དམག་གནམ་གྲུ་ ༦ བཅས་དམག་སྦྱོང་དེའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་བདེ་སྲུང་ལས་ཁུངས་ཀྱིས་དེ་ནི་རྒྱལ་ཁབ་གསུམ་པ་ཞིག་གི་མངའ་ཁུངས་བདག་དབང་ལ་འཇིགས་སྐུལ་བྱེད་བཞིན་པ་ཞིག་གཏན་ནས་མིན་པར་རྒྱལ་སྲུང་དང་གོ་མཚོན་ཚོད་ལྟ། དེ་བཞིན་བཙན་འཛུལ་འགོག་རྒོལ་ཆེད་གྲ་སྒྲིག་བྱེད་པ་ཙམ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཨུ་རུ་སུའི་མོ་སུ་ཀའོ་དུས་བབ་ (The Moscow Times) ནང་། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཞི་ཅིན་ཕིན་གཉིས་ཐུག་འཕྲད་སྐབས་པུ་ཊིན་གྱིས། ད་སྔ་ཨུ་རུ་སུ་དང་རྒྱ་ནག་བར་ཆབ་སྲིད་དང་བདེ་སྲུང་། འགོག་རྒོལ་བཅས་ཀྱི་ཐད་ཡིད་ཆེས་ལྡན་པའི་འབྲེལ་ལམ་ཡོད་པ་དང་། ཞི་ཅིན་ཕིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་བར་དོ་འཁུར་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་། དེང་སང་རྒྱལ་སྤྱིའི་གནས་བབ་གློ་བུར་དུ་འགྱུར་བཞིན་ཡོད་པ་དང་། བརྟན་བརླིང་མིན་ཞིང་ཚོད་དཔག་དཀའ་བར་འགྱུར་བཞིན་པའི་རྒྱུ་རྐྱེན་མང་པོའི་ཐད་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་ལ་ཤུགས་གནོན་འཕར་མ་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨུ་རུ་སུའི་ལས་གཞི་ཞེས་པ་དེའི་འགན་འཛིན་ཨ་ལེ་ཛན་ཊར་གྷ་བྷའུ་ (Alexander Gabuev) ཡིས། རྒྱལ་ཁབ་གཉིས་ཀྱིས་བརྡ་ལན་ཞིག་སྤྲོད་བཞིན་ཡོད་པ་རེད། གལ་སྲིད་ཨ་རིས་རྒྱང་གྱེད་པ་ཡིན་ན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཕན་ཚུན་ལ་ཐག་ཉེ་རུ་འགྲོ་ངེས་རེད། ཅེས་བརྗོད་འདུག་ལ། གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིས་ཉེ་བའི་ལོ་འགའི་རིང་ཨུ་རུ་སུ་ལ་ཚོང་འབྲེལ་ཉེས་ཆད་བཅད་པ་དང་། རྒྱ་ནག་ལ་ཚོང་དམག་རྒྱག་བཞིན་པ་སོགས་ཀྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དེ་གཉིས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད་སྐོར་བརྗོད་ཀྱི་འདུག

ཨུ་རུ་སུ་གཞུང་གི་གོ་སྒྲིག་འོག ཁ་སང་ནས་ཉིན་ ༣ རིང་ཤར་ཀྱི་དཔལ་འབྱོར་གླེང་སྟེགས་ (Eastern Economic Forum) ཞེས་པའི་ལྷན་ཚོགས་ཤིག་ཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་ནང་ཉི་ཧོང་དང་ལྷོ་ཀོ་རི་ཡ། སོག་པོ་བཅས་ཀྱི་ཆེས་མཐོའི་དཔོན་རིགས་རྣམས་འཛོམས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དམིགས་བསལ་སྐུ་མགྲོན་དུ་གདན་འདྲེན་བྱས་ཡོད་པ་དང་། དེ་བཞིན་ལྷན་ཚོགས་ཐོག་རྒྱ་ནག་ནས་ཚོང་བ་དང་གཞུང་ཞབས་པ་ཁྱོན་ ༡༠༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག

ཨུ་རུ་སུ་དང་རྒྱ་ནག་བར་ཕྱི་ལོ་ ༢༠༡༧ ལོར་ཨ་སྒོར་དུང་ཕྱུར་ ༨༤༠ ཙམ་གྱི་ཚོང་ལས་མཉམ་འབྲེལ་བྱས་ཡོད་པ་དང་། ད་ལོར་ཨ་སྒོར་དུང་ཕྱུར་ ༡༠༠༠ ཙམ་ལ་ཡར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ལ། དཔལ་འབྱོར་ལྷན་ཚོགས་དེ་གྲོལ་རྗེས་སྲིད་འཛིན་པུ་ཊིན་མཉམ་འབྲེལ་དམག་སྦྱོང་སར་གཟིགས་ཞིབ་ཏུ་ཕེབས་འཆར་ཡོད་པ་དང་། ཞི་ཅིན་ཕིན་སོགས་རྒྱལ་ཁབ་ ༥༧ གྱི་དཔོན་རིགས་དམག་སྦ

རྒྱ་ནག་དང་ཨུ་རུ་སུར་གོ་མཚོན་གྱི་ཡར་རྒྱས་ཤུགས་ཆེན་ཕྱིན་ཡོད་རྐྱེན། ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་ཕན་ཚུན་གྱི་གོ་ལག་གི་ཁྱད་འཕགས་ལག་རྩལ་རྐུ་འཁྱེར་གྱི་སེམས་འཚབ་དང་བདེ་སྲུང་ཐད་འགལ་བ་བྱུང་བཞིན་ཡོད་ན་ཡང་། ལོ་འགའི་སྔོན་ནས་བཟུང་ཨུ་རུ་སུ་གཞུང་གིས་ས་ནས་ནམ་མཁར་གཏོང་བའི་ཆེས་མཐོའི་གོ་མཚོན་ S-400 རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གྱི་མ་ལག་དང་།  Su-35 མཁའ་དམག་འཐབ་གྲུ་སོགས་རྒྱ་ནག་ལ་བཙོང་བའི་མགོ་བརྩམས་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཁུ་རེ་མའེ་ཡར་ (Crimea) བཙན་འཛུལ་བྱས་པ་ནས་བཟུང་། ཨ་རི་གཙོའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་འབྲེལ་ཉེས་ཆད་ལྕི་མོ་བཅད་ཡོད་པ་དང་། ཨ་རྒྱ་གཉིས་བར་ད་ལོའི་ཕྱི་ཟླ་ ༧ ཚེས་ ༦ ནས་བཟུང་ཚོང་དམག་དངོས་སུ་མགོ་འཛུགས་ཀྱིས་ཕྱོགས་གཉིས་ཀྱི་ཚོང་ཟོག་འབོར་ཆེན་ལ་རྒྱལ་ཁྲལ་སྤར་རེས་བྱས་ཏེ་ཚོང་ལས་འབྲེལ་བ་ཛ་དྲག་ཏུ་གྱུར་བའི་སྐབས་འདིར། ཨུ་རུ་སུ་དང་རྒྱ་ནག་གཉིས་མཉམ་འབྲེལ་གྱིས་ལོ་རྒྱུས་རང་བཞིན་གྱི་དམག་སྦྱོང་གཞི་རྒྱ་ཆེན་པོ་བྱེད་བཞིན་པ་དེ་ནི་ཨ་རིར་ཉེན་བརྡ་གཏོང་བའི་དྲག་པོའི་ཐབས་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༢

Leave a Reply