རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་མིང་གཞུང་ནག་པོའི་ནང་བཅུག

རྒྱ་ནག་དང་ཨུ་རུ་སུ་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༣༨ ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་མིང་གཞུང་ནག་པོའི་ནང་ཚུད་འདུགཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་མིང་གཞུང་ནག་པོའི་ལོ་འཁོར་སྙན་ཐོ་ཡོངས་བསྒྲགས་བྱས་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་དང་ཨུ་རུ་སུ་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༣༨ ཀྱི་ནང་ནས་རྒྱལ་ཁབ་ ༢༩ ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་ཉེས་མེད་ཉེས་འཛུགས་དང་ལྐོག་གསོད་བཏང་བ་སོགས་ཀྱི་གནད་དོན་སྔར་ལས་མང་པོ་ཡོང་གི་ཡོད་པ་དང་། དེ་མིན་གྱི་རྒྱལ་ཁབ་ ༡༩ ནང་དེ་སྔ་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་ཆེན་པོ་ཡོད་པ་མུ་མཐུད་ནས་ཡོང་གི་ཡོད་སྐོར་བསྒྲགས་འདུག

མིང་གཞུང་ནག་པོའི་སྙན་ཐོའི་སྐོར་ལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཊོ་ནཱོ་གྷ་ཊིར(Antonio Guterres)ལགས་ཀྱིས། ང་ཚོས་རྒྱལ་ཁབ་ ༣༨ མིང་འདོན་བྱས་ཡོད་པ་དང་། ཕྱོགས་གཅིག་ནས་དེ་ནི་གྲངས་ཀ་མང་པོ་ཞིག་ཡིན་ན་ཡང་ང་ཚོར་དེ་ལས་མང་བའི་གནས་ཚུལ་འབྱོར་ཡོད་ཀྱང་། ང་ཚོས་མི་སྒེར་དང་ནང་མིའི་བདེ་འཇགས་ཆེད་དུ་མང་པོ་ཞིག་སྙན་ཐོའི་ནང་བཀོད་མེད་། རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་བློས་གཏོང་ཆེན་པོ་གནང་མྱོང་མཁན་གྱི་སྐྱེས་བུ་སྙིང་སྟོབས་ཅན་ཚོར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་ལ། ཁོང་རྣམ་པས་མཉམ་འབྲེལ་རྒྱ་ཚོགས་ལ་གནས་ཚུལ་མཁོ་སྤྲོད་དང་རམ་འདེགས་གནང་བ་ནི་གཞི་རྩའི་ཐོབ་ཐང་ཡིན་པས་ཁོང་ཚོའི་ཐོབ་ཐང་ལ་ངེས་པར་དུ་གུས་བརྩི་དགོས་སྐོར་བརྗོད་འདུག

ཡང་སྙན་ཐོའི་ནང་རྒྱལ་ཚོགས་དང་འཕྱར་གྲུ་མཉམ་འདེགས་བྱེད་མཁན་ཚོར་ཉེས་འཛུགས་བྱེད་པ་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་སྟབས། བྱ་སྤྱོད་དེ་དག་རིགས་ཚང་མ་མེད་པ་བཟོ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་ཕྱི་ལོགས་སུ་འབྲེལ་བ་བྱེད་སྐབས། འབྲེལ་ཡོད་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པ་དང་ལག་འབྲེལ་བྱས་ཚུལ་དང་། རྒྱལ་ཁབ་གྱི་བརྟན་བརླིང་དང་མཚན་སྙན་ལ་གནོད་པ་བྱས་པ་སོགས་ཀྱི་ཉེས་འཛུགས་བྱེད་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་པས། རྒྱལ་ཚོགས་ཀྱི་ངོས་ནས་དེ་དག་ལ་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གཞན་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཇི་ནི་ཝར(Geneva)བསྡུས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་འདུའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་མཱེ་ཤལ་བྷ་ཆཱེ་ཊི(Michelle Bachelet)ཡིས། རྒྱ་ནག་གཞུང་གིས་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་ཉེས་རྡུང་མནར་གཅོད་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་པ་དང་། ཚོགས་འདུའི་ཐོག་ཆིལ་(Chile)རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་མེ་ཆལ་སི་བྷ་ཆི་ལི་ཊི་(Michelle Bachelet)ཡིས། རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་ཁག་གི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་ཆེད་མངགས་ཀྱིས་རྟོག་ཞིབ་བྱེད་དུ་འཇུག་དགོས་སྐོར་བརྗོད་ཡོད་སྟབས། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཀུན་ཞཱང་(Geng Shuang)ཟེར་བས་མེ་ཆལ་སི་བྷ་ཆི་ལི་ཊི་ཡིས་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལ་གུས་བརྩི་དང་རྒྱ་ནག་གི་མངའ་ཁུལ་བདག་དབང་ལ་གུས་བརྩི་དགོས་སྐོར་བརྗོད་འདུག

ཟླ་སྔོན་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཡུ་གུར་མི་རིགས་ས་ཡ་ ༡ ལྷག་སློབ་གསོ་བསྒྱུར་བཀོད་ཁང་དུ་བཅུག་སྟེ་སྡུག་སྦྱོང་མནར་གནོད་དང་ཉེས་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཡུ་གུར་བ་ཚོའི་ཆོས་དད་མཚམས་བཞག་བྱས་ཏེ་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པའི་བཙན་བཀའ་གཏོང་བཞིན་པ་དང་། མཐའ་ན་ཡུ་གུར་སྐྱེས་པ་ཚོར་ཆང་དང་ཕག་ཤ་ཟ་བཅུག་སྟེ་ཆོས་ཀྱི་སྡོམ་ཁྲིམས་ཤོར་བཅུག་གི་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་མྱུར་དུ་མཚམས་འཇོག་གིས་ཡུ་གུར་བ་རྣམས་ཀློད་གྲོལ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཁ་སང་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ཡུ་གུར་ནང་དུ་དམ་དྲག་བྱེད་དགོས་དོན་ནི་རྒྱལ་སྲུང་བདེ་འཇགས་ཀྱི་ཆེད་དུ་ཡིན་པ་དང་། ཡུ་གུར་ནང་དུ་ཐལ་སྤྱོད་རིང་ལུགས་པ་དང་དྲག་སྤྱོད་པའི་སུམ་འཛུལ་བྱེད་པར་བཀག་འགོག་ཆེད་ཡིན་པ་ལས། ཡུ་གུར་མི་མང་གི་ཆོས་ལུགས་བྱེད་སྒོར་དམིགས་པ་ཞིག་དང་གྲངས་ཉུང་མི་རིགས་ཚོར་དམ་དྲག་བྱེད་པའི་ཆེད་དུ་མིན་པས། རྒྱལ་ཚོགས་ཀྱིས་ཕྱོགས་གཅིག་གི་གནས་ཚུལ་ཙམ་བཤད་ནས་རྒྱ་ནག་གི་ནང་སྲིད་དང་མངའ་ཁུལ་བདག་དབང་ལ་ཐེ་གཏོགས་མ་བྱས་ན་ཡག་པོ་ཡོད་སྐོར་བརྗོད་འདུག

ཐེངས་འདིར་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་མིང་གཞུང་ནག་པོའི་ནང་བཅུག་པའི་རྒྱལ་ཁབ་ཁག་ཅིག་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་དེ་དག་ཁྲོད་ཀྱི་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་སོགས་ལ་ངོས་ལེན་བྱེད་ཀྱི་མེད་པ་ལྟར། རྒྱ་ནག་གིས་སྙན་ཐོ་དེ་ནི་གཞི་རྩ་གང་ཡང་མེད་པ་ཞིག་ཡིན་སྐོར་བརྗོད་ནས་ངོས་ལེན་བྱས་མེད་འདུག འདས་པའི་ནང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་རྒྱལ་སྤྱིའི་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་མང་པོས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་གི་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཆེད་གཏོང་གིས་རྟོག་ཞིབ་བྱེད་དུ་འཇུག་དགོས་པའི་རེ་འདུན་ཐེངས་མང་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཉན་འཇོག་བྱས་མེད་པ་རེད།

རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཁག་ནས་གུང་ཁྲན་ཏང་ལ་དགའ་ཞེན་དང་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་དགོས་པའི་སློབ་གསོ་དང་ཚོགས་འདུ་སོགས་རིམ་པར་བསྡུ་ཡི་ཡོད་པ་དང་། ད་ལོ་ནས་ཡུ་གུར་མི་རིགས་ཁྲོད་འཇིགས་སྐུལ་དང་ཐལ་སྤྱོད་པར་འཐབ་རྩོད་དང་བསམ་བློ་བཅོས་སྒྱུར་གཏོང་དགོས་ཞེས་བརྗོད་དེ། བསམ་བློའི་སློབ་གསོ་ཞེས་པ་ཞིག་གཏོང་ཤུགས་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་ཀྲང་ཅིན་(Zhang Jun)ཞེས་པ་དེས། ཡུ་གུར་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོར་ཐལ་སྤྱོད་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པར་འཐབ་རྒོལ་བྱ་རྒྱུ་རྒྱ་སྐྱེད་གཏོང་དགོས་པ་དང་། སྲིད་གཞུང་གི་ལངས་ཕྱོགས་དང་དམིགས་ཚད་ལྟར་སློབ་གསོ་གཏོང་བ་དང་འཐབ་རྩོད་ནུས་པ་ལྡན་པ་དགོས་སྐོར་སྐུལ་མ་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༣

Leave a Reply