ང་ཚོའི་དམ་བཅའ་ནི་འཛམ་གླིང་འདི་གོ་མཚོན་དང་བྲལ་བའི་སྤྱི་ཚོགས་ཞིག་བསྐྲུན་རྒྱུ་དེ་ཡིན།

༧གོང་ས་མཆོག་གིས་གཞོན་སྐྱེས་ཚོས་དུས་ཚོད་དང་འགྲོ་སོང་ཆེན་པོ་བཏང་སྟེ་གདོང་ལ་བྱུག་རྫས་བསྐུས་ནས་ལྟ་བཟོ་དོད་པོ་བཟོ་བཞིན་ཡོད་ནའང་ཁོང་ཁྲོ་སྐྱེས་པ་ཡིན་ན་བཞིན་མདངས་དེ་སྙིང་རྗེ་མོ་མཐོང་གི་མེད་སྐོར་གསུངས།ཁ་སང་སི་ཝེ་ཌན་གྱི་ཉམ་ཐག་རོགས་སྐྱོར་ཚོགས་པ་ཨ་ཡེ་ཨེམ་ (Individuell Människohjälp(IM)) བཙུགས་ནས་ལོ་ངོ་ ༨༠ འཁོར་བ་དང་། དེ་བཞིན་ཚོགས་པ་དེས་བོད་མིར་མཉམ་འབྲེལ་བྱས་ནས་ལོ་ ༥༠ འཁོར་བའི་མཛད་སྒོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་ཡེ་ཨེམ་ཚོགས་པ་དང་ང་ཚོའི་ཐོག་མའི་འབྲེལ་བ་དེ་ཆབ་སྲིད་དང་དངུལ་ལ་འབྲེལ་ནས་བྱུང་བ་ཞིག་མིན་པར། ང་ཚོའི་འབྲེལ་བ་དེ་འགྲོ་བ་མི་ཞིག་དཀའ་ངལ་ནང་ལྷུང་ཡོད་སྐབས་གཞན་དེ་ཚོ་རོགས་རམ་བྱེད་པར་ཡོང་བ་ནས་མགོ་བརྩམས་པ་དང་། ཚན་རིག་པ་ཚོས་རྩ་བའི་མིའི་རང་བཞིན་ནི་སྙིང་རྗེ་དང་ལྡན་པ་ཞིག་ཡིན་པ་བཤད་པ་བཞིན། ཨ་ཡེ་ཨེམ་ཚོགས་པས་བྱམས་སྙིང་རྗེ་དངོས་སུ་ལག་བསྟར་བྱས་པ་རེད། བོད་མི་ཚོ་བཙན་བྱོལ་ལ་འབྱོར་ནས་གནམ་མ་གཏོགས་ངོ་མི་ཤེས་པའི་སྐབས་སུ་གང་ཟག་སྒེར་བ་དང་ཚོགས་སྡེ་མང་པོས་བོད་མིར་རོགས་རམ་གནང་འདོད་བྱུང་ཡོད་པ་བཞིན། ཨ་ཡེ་ཨེམ་ཚོགས་པ་དེའི་གྲས་ཀྱི་གཅིག་ཡིན་སྐོར་གསུངས་ཏེ་བསྔགས་བརྗོད་གནང་ཡོད་འདུག

ཡང་འཛམ་གླིང་གི་དཀའ་རྙོག་རྣམས་ཇི་ལྟར་སེལ་ཐབས་དགོས་པའི་སྐོར་ལ་༧གོང་ས་མཆོག་གིས། ངེད་ཀྱི་རྩ་བའི་དམ་བཅའ་གཅིག་ནི་འགྲོ་བ་མིའི་རིགས་ལ་བྱམས་དང་སྙིང་རྗེ་དར་སྤེལ་བཏང་སྟེ། ང་ཚོའི་འཛམ་གླིང་འདི་སྔར་ལས་ཞི་བདེ་ལྡན་པ་ཞིག་ཏུ་བཟོ་རྒྱུ་དེ་ཡིན། ནང་སེམས་ཀྱི་ཐོག་ནས་ང་ཚོ་ཚང་མས་བྱམས་སྙིང་རྗེ་བསྐྱེད་ཐུབ་ཀྱི་ཡོད་པ་རེད་དེ། ཕྱི་དངོས་པའི་ཐོག་ནས་ང་ཚོས་གོ་མཚོན་ལ་ཚོད་འཛིན་བྱས་ཚེ། ང་ཚོའི་སྤྱི་ཚོགས་ནང་འཚེ་བ་དང་རང་གཞན་གཉིས་ལ་གནོད་པ་དེ་ཉུང་དུ་གཏོང་ཐུབ་ཀྱི་རེད། དེར་བརྟེན་ང་ཚོས་དམ་བཅའ་དེ་འཛམ་གླིང་འདི་གོ་མཚོན་དང་བྲལ་བའི་སྤྱི་ཚོགས་ཞིག་སྐྲུན་རྒྱུ་དེ་ཡིན་དགོས་རེད། ང་ཚོས་དུས་རབས་ཉེར་གཅིག་པའི་ནང་རང་གི་བསམ་བློ་དེ་འདྲ་ཞིག་འཁྱེར་ནས་འབད་བརྩོན་བྱས་ཚེ། འབྱུང་འགྱུར་གྱི་དུས་རབས་ནང་དམག་འཁྲུག་དང་གསོད་རེས་མེད་པར་སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་ཡོད་པ་རེད། མིའི་དཀའ་ངལ་མུ་མཐུད་ཡོང་གི་རེད་དེ། ང་ཚོས་དེར་གདོང་ལེན་བྱེད་སྐབས་དྲག་ཤུགས་མི་བཀོལ་བར་མི་དང་མིའི་བར་སྐད་ཆ་བཤད་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་རེད། ཅེས་བཀའ་སློབ་གནང་ཡོད་འདུག

དེའི་རྗེས་སི་ཝེ་ཌན་གྱི་མེད་མའོ་(Malmö Live) ཚོགས་ཁང་དུ། ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་ (The Art of Happiness and Peace) ཞེས་པའི་བརྗོད་གཞིའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་མང་ ༡༢༠༠ ཙམ་ལ་སྐྱབས་བཅོལ་བའི་གནད་དོན་སྐོར་ལ་བཀའ་སློབ་བསྩལ་སྐབས། ཉེ་ཆར་དཀྱིལ་ཤར་ཨེ་ཤ་ཡའི་ཡུལ་མི་མང་པོ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ལ་འགྲོ་བཞིན་ཡོད་པ་དང་། ཁོང་ཚོར་སྡོད་གནས་དང་རོགས་རམ་མི་ཉུང་བ་ཞིག་ཐོབ་ཀྱི་ཡོད་པ་རེད་དེ། ཕུགས་རྒྱང་རིང་བའི་རོགས་རམ་ཁུངས་སུ་བྱིས་པ་ཚོར་དམིགས་སུ་བཀར་ནས་སློབ་སྦྱོང་དང་སྦྱོང་བརྡར་སྤྲོད་ཐུབ་ཚེ། རྗེས་ཕྱོགས་གནས་སྟངས་ཞི་འཇགས་བྱུང་སྐབས་ཕྱིར་སོ་སོའི་ལུང་པར་ལོག་ནས་ཞབས་འདེགས་སྒྲུབ་རྒྱུ་དང་ལུང་པ་བསྐྱར་གསོ་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་ང་ཚོ་བོད་མི་བཙན་བྱོལ་བ་ཚོ་ཕྱི་ཡུལ་དུ་ལོ་ ༦༠ བསྡད་པ་རེད། ཡིན་ཡང་ང་ཚོའི་དམིགས་ཡུལ་དེ་ཕྱིར་རང་ཡུལ་ལ་ལོག་ནས་སོ་སོའི་ལུང་པ་བསྐྱར་གསོ་བྱ་རྒྱུ་དེ་རེད། རྒྱ་གར་ནང་ང་ཚོས་བྱིས་པ་ཚོར་སློབ་སྦྱོང་སྤྲད་དེ་བོད་མིའི་སྐད་ཡིག་དང་ངོ་བོ། རིག་གཞུང་སོགས་ཉར་ཚགས་བྱས་ནས་དུས་ཀྱི་ཉི་མ་ཞིག་ཤར་ཚེ། ང་ཚོས་ཕ་ཡུལ་སླར་གསོ་བྱ་རྒྱུར་རེ་བ་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་འདུགནང་བསམ་བློའི་སློབ་གསོའི་སྐོར་ལ་ཁོང་གིས། དེང་རབས་སློབ་གསོས་མ་འདང་ས་ཡོད་པ་དེ་ནི་ཇི་ལྟར་ནང་སེམས་ལ་ཞི་བདེ་སྐྲུན་པའི་སྐོར་ལ་སློབ་འཁྲིད་བྱེད་ཐུབ་ཀྱི་མེད་པ་དེས་ཡིན་པ་དང་། ང་ཚོའི་ལུས་པོར་འཕྲོད་བསྟེན་བྱེད་སྟངས་དེ་སློབ་འཁྲིད་བྱེད་བཞིན་ཡོད་པ་རེད་དེ། མ་རུང་བའི་སེམས་ཚོར་རྣམས་ཇི་ལྟར་འདུལ་པར་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་འཁྲིད་བྱས་ཚེ། སློབ་མ་ཚོའི་སེམས་བདེ་ཐང་ཡོང་ཐུབ་པ་མ་ཟད། ནང་སེམས་ཀྱི་ཞི་བདེ་རྙེད་ཐུབ་ཀྱི་རེད། ཤེས་ཡོན་སློབ་གསོའི་སྒྲིག་འཛུགས་ཁག་གིས་ནང་སེམས་དང་ཀུན་སྤྱོད་ལ་ཆོས་ལུགས་དང་མ་འབྲེལ་པའི་ཐོག་རྐང་འགན་འཁུར་དགོས་རེད། རྒྱ་གར་ལ་དེང་རབས་ཀྱི་སློབ་གསོ་དང་གནའ་རབས་རྒྱ་གར་ལུགས་ཀྱི་ནང་སེམས་དང་ཚོར་བའི་སློབ་གསོ་གཉིས་ཕྱོགས་གཅིག་ཏུ་སྒྲིལ་པའི་ནུས་པ་ཤུགས་ཆེན་ཡོད་པ་གཟིགས་ཀྱི་ཡོད་སྐོར་གསུངས་འདུག

བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྲུན་ཐབས་སྐོར་ལ། ང་ཚོས་རང་ཉིད་ཀྱི་ཉམས་མྱོང་ལ་བལྟས་ན། ཁྱིམ་ཚང་ཞིག་གི་ཁྱིམ་མི་ཕན་ཚུན་བར་ཡིད་ཆེས་དང་བརྩེ་འདང་ཡོད་ན་དཔལ་འབྱོར་གྱི་མཐུན་རྐྱེན་དེ་ཙམ་མེད་ན་ཡང་སྐྱིད་པོས་ངང་གནས་ཀྱི་ཡོད་པ་རེད། དེ་བཞིན་ཁྱིམ་མི་བར་དོགས་པ་དང་ཐེ་ཚོམ་གྱིས་ཁེངས་པའི་ཁྱིམ་ཚང་དེར་དཔལ་འབྱོར་གྱི་འཚོ་བ་ཡག་པོ་ཡོད་རུང་སྐྱིད་པོ་ཡོད་པ་མ་རེད། ངེད་ཀྱིས་དོ་སྣང་བྱུང་བ་ཞིག་ལ་གཞོན་སྐྱེས་ཚོས་དུས་ཚོད་དང་འགྲོ་སོང་ཆེན་པོ་བཏང་སྟེ་གདོང་ལ་བྱུག་རྫས་བསྐུས་ནས་ལྟ་བཟོ་དོད་པོ་བཟོ་བཞིན་ཡོད་པ་རེད་དེ། དེ་ག་ཙམ་ཡག་པོ་བསྐུས་པ་ཡིན་ན་ཡང་ཁོང་ཁྲོ་སྐྱེས་པ་ཡིན་ན་བཞིན་མདངས་དེ་སྙིང་རྗེ་མོ་མཐོང་གི་མ་རེད། ཅེས་སོགས་གསུངས།

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ་ (Rotterdam) ནང་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ (Why Compassion is Essential in our Troubled World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་སླར་ཡང་ས་གནས་དེའི་ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་འདུར་དབུ་བཞུགས་གནང་རྒྱུ་ཡིན་པ་བཀོད་འདུག དེ་བཞིན་ཕྱི་ཚེས་ ༢༡ ནས་ ༢༣ བར་སུད་སི་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༣

Leave a Reply