རྒྱ་ནག་གིས་རྒྱ་གར་ནང་ལྕགས་ལམ་བཟོ་འཆར་འདུག

རྒྱ་ནག་གཞུང་གིས་བལ་ཡུལ་བརྒྱུད་རྒྱ་གར་གྱི་བྷི་ཧར་དང་ཨུའུ་ཌར་མངའ་སྡེའི་ནང་ལྕགས་ལམ་བཟོ་འཆར་ཡོད་པ་མ་ཟད།  ཨུའུ་ཌར་མངའ་སྡེ་ནས་བྷང་ལ་ཌེ་ཤི་ནང་ལྕགས་ལམ་མཐུད་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་རིང་ཀ་ཐི་མན་ཀྲུའུ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༡ བར་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་སྐབས་ ༤ ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་ཟེར་བའི་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་འཁྲིད་གཞོན་པ་ཆེ་དགྲ་ལྷ་ (Qi Zhala) ཡིས། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དང་ཚོང་ལས་འཕེལ་རྒྱས་ཡོང་སླད་བཟོ་གྲྭའི་མ་དངུལ་གོང་མཐོར་གཏོང་བ་དང་སྒེར་གཉེར་ཚོང་ལས་ལ་ཤུགས་གནོན་རྒྱག་དགོས་སྟབས། བལ་ཡུལ་བརྒྱུད་རྒྱ་གར་གྱི་བྷི་ཧར་དང་ཨུའུ་ཌར་མངའ་སྡེ་ (UP)ནང་ལྕགས་ལམ་བཟོ་རྒྱུ་དང་། དེ་ནས་འཛམ་གླིང་གི་མི་འབོར་ཆེ་ཤོས་བརྒྱད་པ་ཡིན་པའི་བྷང་ལ་དྷེ་ཤི་ནང་ལྕགས་ལམ་གྱིས་མཐུད་དེ་ཁྲོམས་ར་རྒྱ་སྐྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་བལ་ཡུལ་བརྒྱུད་བོད་རང་སྐྱོང་ལྗོངས་ནང་ཕྱི་ཕྱོགས་མ་འཇོག་གི་ལས་འཆར་སྒོ་ཕྱེ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཡང་གནས་ཚུལ་དེའི་ནང་། བལ་ཡུལ་གྲོས་ཚོགས་ཀྱི་མགྲིན་ཚབ་པ་ཀེ་རེ་ཤི་ནཱ་བྷ་ཧ་དྷར་མཱ་ཧྰ་རེལ (Krishna Bahadur Maharal) གྱིས། བལ་ཡུལ་བརྒྱུད་རྒྱ་དཀར་ནག་གཉིས་ཀྱི་བར་ལྕགས་ལམ་དང་གཞུང་ལམ་ཀྱིས་མཐུད་དེ་ཚོང་འབྲེལ་འཛུགས་པ་དང་། ཕྱོགས་ཚང་མར་ཕན་པའི་མཉམ་འབྲེལ་གྱི་རྨི་ལམ་དེ་འགྲུབ་ཆེད་འགྲོ་གྲོན་ཕོན་ཆེན་གཏོང་དགོས་པ་བརྗོད་མི་དགོས་པ་ཞིག་རེད། ང་ཚོས་ཤེས་གསལ་ལྟར་ས་གཤིས་ཧ་ཅང་རྩུབ་པའི་ཧི་མ་ལ་ཡའི་རི་རྒྱུད་འདིར་ལྕགས་ལམ་འཛུགས་རྒྱུ་ནི་དཀའ་ཁག་ཅན་ཞིག་ཡིན་ན་ཡང་། རྒྱ་ནག་གི་ཆེས་མཐོའི་ཚན་རྩལ་སྤྱད་དེ་དཀའ་ཁག་ཡོད་ཚད་ལ་གདོང་ལེན་ཐུབ་པའི་ལག་ཆ་གྲ་སྒྲིག་བྱས་ཡོད་པ་དང་། རྒྱ་ནག་གིས་ད་ལྟ་ལྕགས་ལམ་གྱི་ལས་གཞི་ལ་ཞིབ་ལྟ་བྱེད་བཞིན་ཡོད་པ་དེ་ཕལ་ཆེར་ཚར་གྲབས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གར་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་མཉམ་འབྲེལ་མོས་མཐུན་གནང་གི་མེད་པའི་སྐོར་ལ་ བལ་ཡུལ་གྲོས་ཚོགས་ཀྱི་མགྲིན་ཚབ་པ་དེས། རྒྱ་ནག་གིས་བལ་ཡུལ་བརྒྱུད་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཚོང་འབྲེལ་སྒོ་འབྱེད་བྱེད་པར་དམིགས་ཀྱི་ཡོད་པ་གསལ་པོ་ཡིན་སྟབས། རྒྱ་གར་གྱིས་ཀྱང་ལས་གཞི་འདིར་ཐེ་ཚོམ་མི་བྱེད་པར་མཉམ་ཞུགས་བྱས་ཏེ་གོ་སྐབས་ལེན་རྒྱུར་བསམ་བློ་གཏོང་དགོས་པ་དང་། ཚོང་འབྲེལ་གྱིས་ཚང་མར་ཕན་ཐོགས་ཀྱི་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་བལ་ཡུལ་གྱི་སྲིད་བློན་ཀེད་པེ་ཤཱར་མ་ཨོ་ལེ་ཡིས་པེ་ཅིན་ལ་འབྲེལ་བ་དམ་ཟབ་བཙུགས་པ་ནས་བཟུང་རྒྱ་ནག་གི་གྲུ་ཁ་དང་ལམ་ཁ་མང་པོ་ཞིག་ནས་ཚོང་འབྲེལ་ཤུགས་ཆེ་རུ་བཏང་ཡོད་སྟབས། དེ་སྔོན་བལ་ཡུལ་རྒྱ་གར་ལ་ཤུགས་ཆེན་བརྟེན་ཡོད་པའི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་མེ་འཁོར་ལྕགས་ལམ་ཤར་སྐྱོད་ཐུབ་པ་ཡིན་ན། དཔལ་འབྱོར་ཙམ་མ་ཟད་ཆབ་སྲིད་སོགས་ཀྱི་ཐོག་ནས་ཀྱང་རྒྱ་ནག་ལ་སྔར་ལས་ཤུགས་ཆེན་བརྟེན་དགོས་པ་ཞིག་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ནང་ཚོང་འབྲེལ་སྐོར་སྐྱོད་བྱེད་སྐབས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ཤིག་གི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས། རྒྱ་དཀར་ནག་གཉིས་དང་བལ་ཡུལ་གསུམ་ནི་རང་བཞིན་གྱིས་མཐུན་གྲོགས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ལ། རི་རྒྱུད་གཅིག་དང་ཆུ་མགོ་གཅིག་གིས་སྦྲེལ་ནས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ནས་རྒྱ་ནག་དང་བལ་ཡུལ་གཉིས་བར་ཚོང་འབྲེལ་ལམ་ཁ་གསར་བཟོ་བྱ་རྒྱུར་མོས་མཐུན་བྱུང་ཡོད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གི་ལས་འཆར་ནང་གསལ་བ་ལྟར་ན། བོད་གཞིས་ཀ་རྩེ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༢༠ བར་ཚར་རྒྱུ་དང་། སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་དེ་ཕྱི་ལོ་ ༢༠༢༢ བར་འགྲུབ་འཆར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༤

Leave a Reply