བོད་པ་ཞིག་ལ་དགེ་རྒན་ཡག་ཤོས་ཀྱི་མཚན་སྙན་ཐོབ།

བོད་ལྷོ་ཁ་ནས་ཡིན་པའི་སློབ་ཆུང་དགེ་རྒན་བསོད་ནམས་ཚེ་རིང་ལགས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་ཀྱི་མཚན་སྙན་ཐོབ་ཡོད་འདུག

ཁ་སང་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ལོ་རེའི་དགེ་རྒན་དུས་ཆེན་དང་བསྟུན་རྒྱ་ནག་སློབ་གསོ་ཁང་གིས་རྒྱལ་ཡོངས་སུ་དགེ་རྒན་ཡག་ཤོས་འཚོལ་བ་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ད་ལོ་རྒྱ་ནག་རྒྱལ་ཡོངས་ནས་དགེ་རྒན་ཡག་ཤོས་ཞེས་པའི་ལས་འགུལ་ཁྲོད་དགེ་རྒན་ ༨༥ མཉམ་ཞུགས་བྱས་ཡོད་པ་དང་། དཔྱད་འདེམས་པས་ཕུལ་དུ་བྱུང་བའི་དགེ་རྒན་ ༡༠ བདམས་པའི་ནང་བོད་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གསང་གླིང་སློབ་ཆུང་གི་དགེ་རྒན་ཚེ་རིང་བསོད་ནམས་ལགས་ཚུད་དེ་རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་ཀྱི་མཚན་སྙན་ཐོབ་ཡོད་འདུག

རྒྱ་ནག་གི་ལོ་རེའི་དགེ་རྒན་ཡག་ཤོས་ཞེས་པའི་ལས་འགུལ་ཁྲོད་དགེ་རྒན་ཚོ་མཉམ་ཞུགས་བྱེད་པར་ས་གནས་ཤེས་ཡོན་སློབ་གསོ་ལྟེ་གནས་ཁང་གིས་འོས་སྦྱོར་བྱེད་དགོས་ཀྱི་ཡོད་པ་དང་། དགེ་རྒན་ཚེ་རིང་བསོད་ནམས་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་སློབ་གསོ་ལྟེ་གནས་ཁང་གིས་འོས་སྦྱོར་བྱས་པ་བརྒྱུད་མཉམ་ཞུགས་བྱས་ཡོད་པ་དང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་ཁོང་ནི་བོད་ཀྱི་དགེ་རྒན་ཞིག་རྒྱ་ནག་རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་ཐོག་མ་དེ་ཆགས་ཡོད་སྐོར་བསྒྲགས་འདུག

དགེ་རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་སློབ་འཁྲིད་བྱེད་སའི་ག་གནས་དེ་ནི་བོད་ཀྱི་མཐའ་མཚམས་ཡུལ་ཚོ་ཞིག་ཡིན་པ་དང་། ས་གནས་དེར་མི་འབོར་ ༦༠༠ དང་ཆ་རྐྱེན་ཞན་པའི་ས་ཁུལ་ཞིག་ཡིན་པ་མ་ཟད། སློབ་གྲྭ་སོགས་གཏན་འཇགས་ཀྱིས་འཛུགས་སྐྲུན་བྱས་མེད་པར་སློབ་མ་ ༣༠ ཙམ་ལ་སློབ་འཁྲིད་ས་ཚིགས་ཙམ་ཞིག་ལས་མེད་སྟབས། ས་གནས་དེར་དགེ་རྒན་དང་ལས་བྱེད་སོགས་འགྲོ་མཁན་ཧ་ཅང་དཀོན་ན་ཡང་། དགེ་རྒན་ཚེ་རིང་བསོད་ནམས་ལགས་ཀྱིས་སློབ་འཁྲིད་ས་ཚིགས་དེ་ནས་ལོ་ངོ་ ༦ ལྷག་ལ་སློབ་འཁྲིད་དང་བསླབ་གཞི་གཏན་འབེབ། སློབ་གྲྭ་འཛུགས་སྐྲུན་དང་རྒྱ་བསྐྱེད་ཀྱིས་སློབ་མ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་འདུག

བསོད་ནམས་ཚེ་རིང་ལགས་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོ་ནས་དགེ་རྒན་གྱི་ཕྱག་ལས་གནང་མུས་ཡིན་འདུག སྔ་གཞུག་ཏུ་ས་ཁུལ་མི་འདྲ་བའི་སློབ་གྲྭ་ཁག་ཅིག་ནང་སློབ་འཁྲིད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༢་ལོའི་ཟླ་ ༣ པ་ནས་གསང་གླིང་ཡུལ་ཚོའི་སློབ་ཆུང་དུ་དགེ་རྒན་བྱས་ཏེ་ད་ལྟ་བར་སློབ་གྲྭ་དེ་ནས་ཕྱག་ལས་གནང་ཡོད་འདུག ཁོང་གིས་ས་ཁུལ་དེའི་བོད་ཀྱི་ལྷོ་པ་ཚོའི་སྐད་དང་མཐུན་པའི་སློབ་དེབ་ཅིག་ཀྱང་བསྒྲིགས་ཡོད་པ་དང་། ད་ལྟའི་ཆར་ས་ཁུལ་དེའི་སློབ་མ་ཚོས་ལྷོ་པའི་སྐད་ཐོག་གི་དེབ་དེ་བསླབ་གཞིའི་སློབ་དེབ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༥

Leave a Reply