གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཞིག་གར་སོང་ཆ་མེད་དུ་གྱུར། 

རྒྱ་ནག་གི་གློག་བརྙན་ཁྲོམ་རའི་ནང་གི་འཁྲབ་སྟོན་མ་གྲགས་ཅན་ཧྥན་པིན་པིན་ཅི་ཡིན་འདི་ཡིན་མེད་པར་བོར་བརླག་ཏུ་ཕྱིན་ནས་ཟླ་གསུམ་ལྷག་འགྲོ་བཞིན་འདུགདེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཧྥན་པིན་པིན་གར་སོང་ཆ་མེད་དུ་གྱུར་ནས་ཟླ་གསུམ་ལྷག་འགྲོ་བཞིན་ཡོད་པ་དང་། སང་ཉིན་ནི་ཧྥན་པིན་པིན་རང་ལོ་ ༣༧ ལོན་པའི་སྐྱེས་སྐར་ཡིན་སྟབས།  མོ་ལ་དགའ་མོས་བྱེད་མཁན་མང་པོས་མོ་བོར་བརླག་ཏུ་ཕྱིན་པའི་རྒྱུ་རྐྱེན་གང་ཡིན་སོགས་ཀྱི་སྐོར་ལ་གླེང་སློང་མང་པོ་ཡོང་བཞིན་འདུག་ལ། དེ་སྔོན་ཧྥན་པིན་པིན་གྱིས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་བྱིས་པ་ཉམ་ཐག་མང་པོར་སྨན་བཅོས་རོགས་སྐྱོར་བྱས་མྱོང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཧྥ་རན་སིའི་རས་གདན་དམར་པོའི་མཛད་སྒོར་ཧྥན་པིན་པིན་མཉམ་ཞུགས་བྱས་པའི་རྗེས་སུ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཧྥན་པིན་པིན་གྱི་སྤྱི་ཚོགས་སྒེར་དྲའི་ཐོག མོའི་རོགས་སྐྱོར་ལས་དོན་ཁང་དང་བོད་ལྗོངས་མངའ་རིས་བྱམས་བརྩེ་རོགས་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱིས། ཕྱི་ཟླ་ ༦ པའི་ནང་མངའ་རིས་ས་ཁུལ་གྱི་ཉམ་ཐག་བྱིས་པར་སྨན་བཅོས་རོགས་སྐྱོར་གྱི་ལས་གཞི་སྤེལ་རྒྱུ་ཡིན་སྟབས། ཕྱི་ཟླ་ ༦ ཚེས་ ༣ ཉིན་ཧྥན་པིན་པིན་རོགས་སྐྱོར་ལས་དོན་ཁང་དང་། དྭང་བླངས་ཞབས་ཞུ་བ་རྣམས་མཁའ་ལམ་བརྒྱུད་ལྷ་སར་ཡོང་སྟེ་རོགས་སྐྱོར་ཞབས་ཞུ་བ་རྣམས་ལྷན་འཛོམས་བྱ་རྒྱུ་དང་། དེ་ནས་བོད་ལྗོངས་ཀྱི་སྤྱི་ཕན་ལས་དོན་མགོ་འཛུགས་རྒྱུ་ཡིན་ལ། རོགས་སྐྱོར་ཞབས་ཞུ་བ་ཚང་མས་ཤུགས་རྒྱག་རོགས་ཞེས་པའི་འཕྲིན་ཐུང་ཞིག་བཏང་རྗེས། སྤྱི་ཚོགས་དྲ་ལམ་ནས་ཀྱང་མཐོང་ཐོས་མེད་པར་གྱུར་ཡོད་འདུགརྒྱ་ནག་གི་སྤྱི་ཚོགས་དྲ་བ་ཝེ་པའོ་ (Weibo) ནང་ཧྥན་པིན་པིན་ལ་རྗེས་འབྲང་བ་ས་ཡ་ ༦༢ ལྷག་ཡོད་པ་དང་། མོ་སྤྱི་ཚོགས་དྲ་ལམ་ནས་ཀྱང་གོ་ཐོས་མེད་པར་གྱུར་རྗེས་གླེང་སློང་སྣ་ཚོགས་ཡོང་བཞིན་ཡོད་འདུག ཁ་ཤས་ཀྱིས་རྒྱ་ནག་གི་མི་སེར་གྱིས་ཕྱིའི་རྒྱལ་ཁབ་ཁག་ནང་དམར་ཤོག་ཚོགས་པའི་ཚད་བཀག་ལས་བརྒལ་བའི་བྱ་སྤྱོད་སྤེལ་ན་བཀག་ཉར་འཛིན་བཟུང་བྱེད་ཀྱི་ཡོད་སྟབས། མོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་སོང་སྐོར་དང་། ཡང་འགའ་ཤས་ཀྱིས་རྒྱ་གཞུང་གིས་མོ་འཛིན་བཟུང་བྱེད་འཆར་ཡོད་པ་ཤེས་ནས་བྲོས་བྱོལ་དུ་ཕྱིན་ཡོད་པ་སོགས་ཀྱི་ཚོད་དཔག་བྱེད་ཀྱི་འདུག

འདས་ལོར་ཨ་རིར་གནས་སྡོད་རྒྱ་རིགས་ཕྱུག་བདག་ཆེན་མོ་གོ་ཝུན་ཀེ་ཡིས་ཧྥན་པིན་པིན་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཆི་ཧྲན་གཉིས་བར་ཚུལ་མིན་གྱི་འབྲེལ་བ་ཡོད་པ་མ་ཟད། ཝང་ཆི་ཧྲན་གྱིས་མོ་ལ་གཞུང་གི་དངུལ་དངོས་འབོར་ཆེན་སྤྲད་ཡོད་སྐོར་བརྗོད་དེ་པར་རིས་སོགས་སྤྱི་ཚོགས་དྲ་ལམ་དུ་བཀྲམ་སྟེ་རྙོག་གླེང་མང་པོ་བྱུང་བར་བརྟེན། ཧྥན་པིན་པིན་གྱིས་གོ་ཝུན་ཀེ་ཁྲིམས་གཏུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཧྥན་པིན་པིན་གྱི་གནས་ཚུལ་སྐོར་ལ་གང་ཡང་བརྗོད་མེད་ནའང་། ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཧྥན་པིན་པིན་བོར་བརླག་མ་ཕྱིན་པའི་ཉིན་འགའི་སྔོན། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྙན་སྒྲོན་པ་ (Cui Yongyuan) ཟེར་བ་ཞིག་གིས། ཁོ་རང་སྒེར་གྱི་ཝེ་པའོ་ནང་ཧྥན་པིན་པིན་གྱིས་གློག་བརྙན་གཅིག་གི་གན་རྒྱའི་འཛིན་གཉིས་ཁྱེར་ཡོང་སྟེ། རྒྱ་ནག་གཞུང་གི་ཁྲལ་ལ་གཡོལ་ཐབས་བྱེད་བཞིན་སྐོར་བསྒྲགས་ཡོད་པ་དང་། དེ་བཞིན་རྒྱ་ནག་དབུས་ཁྲལ་བསྡུ་ལས་ཁུངས་ཀྱིས་གློག་བརྙན་བཟོ་སྐྲུན་ཁང་ཁག་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ལ། གལ་སྲིད་ཁྲལ་གྱི་ཁྲིམས་དང་སྒྲིག་གཞི་ལ་རྡོག་རོལ་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཡང་ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་རྒྱ་ནག་དབུས་ཁྲལ་བསྡུ་ལས་ཁུངས་ཀྱིས་བརྡ་ཁྱབ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གཙོ་བོ་ཞིག་གིས་གློག་བརྙན་ཞིག་གི་མི་སྣ་དེའི་ཡོང་འབབ་ཀྱི་བརྒྱ་ཆ་ ༧༠ ཙམ་ལས་ལེན་མི་ཆོག་པ་དང་། དེ་ལས་བརྒལ་ཚེ་གློག་བརྙན་དེའི་འགྲོ་གྲོན་གྱི་བརྒྱ་ཆ་ ༤༠ ཉེས་ཆད་དུ་སྤྲོད་དགོས་སྐོར་དང་། གློག་བརྙན་འཁྲབ་སྟོན་པ་ཞིག་ལ་དངུལ་ཕོན་ཆེན་ཐོབ་པ་དེས་གཞོན་སྐྱེས་ཚོ་དངུལ་ལ་འདོད་རྔམ་ཆེན་པོ་ཆགས་པའི་ཤུགས་རྐྱེན་ངན་པ་འཇོག་གི་ཡོད་སྐོར་བརྗོད་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཧྥན་པིན་པིན་གྱིས་འཁྲབ་སྟོན་བྱས་པའི་ཉི་ཧོང་གིས་རྒྱ་ནག་ཁྲུང་ཆིན་ (Chongqing) ལ་བཙན་འཛུལ་བྱས་པའི་སྐོར་ཀྱི་གློག་བརྙན་ཞིག་ལ་ད་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་ནང་སྟོན་ཆོག་པའི་ཐོངས་མཆན་ཐོབ་ཡོད་ན་ཡང་། ཕྱིས་སུ་རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡༠ ནང་མ་གཏོགས་བསྟན་མི་ཆོག་པ་བཟོས་ཡོད་པ་མ་ཟད། གློག་བརྙན་དེའི་ཁྱབ་བསྒྲགས་ཐོག་གི་མོའི་པར་ཡང་བསུབས་དགོས་བྱུང་ཡོད་འདུག  དེ་བཞིན་མོས་འཁྲབ་སྟོན་བྱས་པའི་གློག་བརྙན་གཞན་ཞིག་ཀྱང་མི་མང་ལ་སྟོན་པའི་ཆོག་མཆན་ཕྱིར་འགྱངས་བྱས་ཏེ་ནང་དོན་ལ་བསྐྱར་བཅོས་བྱེད་དགོས་བྱུང་ཡོད་འདུག

ཧྥན་པིན་པིན་ནི་ཕྱི་ལོ་ ༡༩༨༡ ལོའི་ཟླ་ ༩ ཚེས་ ༡༦ ཉིན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཧྲན་ཏའོ་གྲོང་ཁྱེར་ནང་སྐྱེས་པ་དང་། ཆུང་དུས་ཕ་མའི་རེ་བ་ལྟར་རོལ་མོ་ལ་སློབ་གཉེར་བྱས་ཡོད་ན་ཡང་ཕྱིས་སུ་རང་གི་འདོད་མོས་ལྟར་སྒྱུ་རྩལ་འཁྲབ་སྟོན་ལ་སློབ་སྦྱོང་བྱས་ཡོད་པ་རེད།  མོ་ནི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་སྟོན་པ། དེ་བཞིན་གཞས་མ་དང་རྒྱས་གོས་འགྲེམ་སྟོན་མ་སོགས་ཡིན་པ་མ་ཟད།  རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་འདྲ་མིན་ནས་གཟེངས་རྟགས་སྣ་མང་ཐོབ་མྱོང་ཡོད་འདུག  མོས་རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་གློག་བརྙན་ (X-Men) ཞེས་པའི་ནང་འཁྲབ་སྟོན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ནས་རྒྱལ་སྤྱིའི་དཔལ་འབྱོར་དུས་དེབ(Forbes)ཀྱི་འཛམ་གླིང་གི་རིན་གོང་ཆེ་ཤོས་ཀྱི་འཁྲབ་སྟོན་མའི་ནང་ཚུད་དེ།  དེང་རབས་གློག་བརྙན་བཟོ་སྐྲུན་ཁྲོམ་རའི་ནང་རྒྱ་ནག་གི་འཁྲབ་སྟོན་མ་སྙན་གྲགས་ཆེ་ཤོས་ཤིག་དང་། རྒྱལ་སྤྱིའི་ཐོག་གློག་བརྙན་འཁྲབ་སྟོན་མ་ཡོང་འབབ་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༥

Leave a Reply

3 thoughts on “གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཞིག་གར་སོང་ཆ་མེད་དུ་གྱུར། 

  1. ས་མཐའི་སྤུན་

    གསར་འགོད་པས་སྤེལ་བའི་གནས་ཚུལ་ལ་གཞིགས་ཚེ། བྱམས་སེམས་ཅན་ཞིག་རེད་འདུག་པས། བགེགས་བར་ལས་གྲོལ་ནས་བསམ་དོན་འགྲུབ་པའི་སྨོན་འདུན་ཡོད།