ཐའེ་ཝན་གྱི་གསང་མྱུལ་བ་ ༡༠༠ ལྷག་རྩད་ཆོད་ཡོད་ཟེར།

རྒྱ་ནག་དང་ཐའེ་ཝན་བར་གསང་མྱུལ་བ་ཤུགས་ཆེན་གཏོང་རེས་བྱེད་ཀྱི་ཡོད་པ་ལྟར་ཐའེ་ཝན་གྱི་གསང་མྱུར་བ་ ༡༠༠ ལྷག་རྒྱ་ནག་གཞུང་གིས་རྩད་ཆོད་ཡོད་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས། ཐའེ་ཝན་གསང་བའི་ལས་ཁུངས་ནས་རྒྱ་ནག་ནང་ཆེད་གཏོང་བྱས་པའི་ཐའེ་ཝན་གྱི་གསང་མྱུལ་བ་ ༡༠༠ ལྷག་རྩད་ཆོད་ཡོད་པ་དང་། གསང་མྱུལ་བ་དེ་ཚོས་རྒྱ་ནག་སྐམ་ས་དང་ཐའེ་ཝན་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཆེན་སློབ་མ་ཚོར་སྒོར་མོ་དང་བརྩེ་དུང་། ཆགས་སྤྱོད་སོགས་ཀྱི་ལམ་ནས་བསླུ་བྲིད་བྱས་ཏེ་རྒྱ་ནག་གཞུང་གི་གསང་བ་མང་པོ་འཚོལ་སྡུད་དང་། ན་གཞོན་ཚོར་ངོ་ལོག་ངན་སྐུལ་བྱས་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་ནང་ཡོད་པའི་ཐའེ་ཝན་སྐུ་ཚབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨན་ཧྥན་ཤིན་(An Fengshan)ཞེས་པ་དེས། ཐའེ་ཝན་གཞུང་གིས་ཉེན་ཚབས་ཆེ་བའི་ལས་དོན་དེ་དག་མྱུར་དུ་མཚམས་འཇོག་བྱ་དགོས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཡིད་གཟབ་དང་ཞི་བདེ་འཕེལ་རྒྱས་ཀྱི་དོན་ཆེན་སྣང་མེད་དུ་འཇོག་མི་རུང་བ་སོགས་ཀྱི་ཉེན་བརྡ་ཡང་བཏང་ཡོད་འདུག

ཐེངས་འདིར་རྩད་ཆོད་བྱུང་བའི་ཐའེ་ཝན་གྱི་གསང་མྱུལ་བ་ཚོར་ལག་འབྲེལ་གྱིས་རྒྱ་ནག་ནང་གི་གསང་བ་མཁོ་སྤྲོད་བྱེད་མཁན་ཚོས་མུ་མཐུད་བྱ་སྤྱོད་དེ་འདྲ་སྤེལ་བ་ཡིན་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཀྱི་ཡོད་པས་ཆག་སྒོ་ཆེན་པོ་འབྱུང་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག

ཡང་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་དེའི་ནང་། ཐའེ་ཝན་གྱི་གསང་མྱུལ་བ་ཞུས་ཅ་ཡུན་གྱིས་ཐའེ་ཝན་དུ་སློབ་གཉེར་བྱེད་བཞིན་པའི་སྐམ་ས་ཆེན་མོའི་སློབ་མ་ཞའོ་ཀྲེ་ཞེས་པའི་ཆེད་ལས་སློབ་སྦྱོང་ལ་འདོད་མོས་ཆེན་པོ་ཡོད་ཚུལ་བརྗོད་དེ། རྒྱ་ནག་གཞུང་གི་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཁང་གི་གསང་འཕྲིན་ ༡༠༠ ལ་ཉེ་བ་གཡོ་ལེན་བྱས་ཡོད་པ་དང་། གཞན་ཐའེ་ཝན་དམག་དོན་ཁང་གི་གསང་མྱུལ་བ་ཁྲེན་ཐའེ་ཡུས་ཞེས་པ་ཞིག་གིས་ཐའེ་ཝན་ཆབ་སྲིད་སློབ་ཆེན་དང་ཏན་ཅང་སློབ་ཆེན། རྒྱལ་བཙུགས་ཀྲུང་ཀྲེང་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ་ཁག་ནས་རྒྱ་ནག་གི་སློབ་མ་ཚོར་ཆེད་དམིགས་ཀྱིས་འབྲེལ་བ་བྱས་ཏེ་རྒྱ་ནག་གི་སློབ་མ་འབོར་ཆེན་ལ་ངན་སྐུལ་བྱས་ཡོད་པ་རེད། ཅེས་བརྗོད་འདུག

 ཉེ་བའི་ལོ་ཤས་ནས་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱིས་ཕན་ཚུན་བར་གསང་མྱུལ་བ་གཏོང་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་ཐའེ་ཝན་གཞུང་གིས་རྒྱ་ནག་སྐམ་ས་ཆེན་མོའི་སློབ་མ་ཚོར་ཡུལ་དེའི་ནང་སློབ་གཉེར་བྱེད་པར་ཐོངས་མཆན་སྤྲད་ཡོད་པ་དང་བསྟུན། སློབ་ཆེན་ཁག་གི་ནང་གསང་མྱུལ་ལས་ཀ་གཉེར་མཁན་མང་པོ་བཏང་སྟེ་ཕྱོགས་གཉིས་ཀྱི་གསང་བ་ལེན་ཐབས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་སློབ་མ་ཞིག་གིས་ཐའེ་ཝན་ནས་ཕྱིར་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ཏེ་ཐའེ་ཝན་དམག་དོན་དང་འབྲེལ་བའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པར་བརྟེན། ཐའེ་ཝན་གཞུང་གིས་སློབ་མ་དེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་ཐའེ་ཝན་ཕྱོགས་ནས་རྒྱ་ནག་སྐམ་ས་ཆེན་མོའི་ནང་སློབ་གཉེར་བྱེད་མཁན་དང་འབྲེལ་འདྲིས་བྱེད་མཁན་ཚོར་དམ་དྲག་དང་ལྟ་རྟོག་ཆེན་པོ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༧

Leave a Reply