དགེ་འདུན་པ་ལྔ་འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་རྔ་བ་སྒོ་མང་དགོན་གྱི་དགེ་བསྐོས་ཤཱཀྱ་ལགས་དང་དབུ་མཛད་ཟུར་པ་ཆོས་རྗེ་ལགས་གཉིས་ཀྱི་གཙོས་དགེ་འདུན་པ་ ༥ འཛིན་བཟུང་བྱས་ཏེ་བཞི་མུ་མཐུད་བཀག་ཉར་འོག་ཡོད་འདུག དེ་རིང་འདི་གའི་གསར་འགོད་པར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་རྔ་བ་རྫོང་སྒོ་མང་དགོན་གྱི་མདུན་ཐང་དུ་ཁང་པ་འཛུགས་སྐྲུན་བྱེད་འཆར་ཡོད་པས་གྲྭ་མང་གིས་ཁང་པ་རྒྱག་མི་ཆོག་པའི་ཞུ་གཏུག་མང་པོ་བྱས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་སྒོ་མང་དགོན་པའི་དགེ་བསྐོས་ཤཱཀྱ་ལགས་དང་དབུ་མཛད་ཟུར་པ་ཆོས་རྗེ་ལགས་གཉིས་གཙོས་དགེ་འདུན་པ་ཉི་ཟླ་ལགས་དང་སྐལ་བཟང་ལགས། གནས་བཟང་ལགས་བཅས་དགེ་འདུན་པ་ ༥ འཛིན་བཟུང་བྱས་ཡོད་པ་དང་། ཉིན་གཉིས་ཀྱི་རྗེས་དགེ་བསྐོས་ལགས་གློད་གྲོལ་བཏང་ཡོད་ན་ཡང་དགེ་འདུན་པ་གཞན་རྣམས་མུ་མཐུད་བཀག་ཉར་འོག་ཡོད་འདུག

རྒྱ་ནག་གཞུང་གིས་ལོ་སྔོན་མ་ནས་ཐང་ཆེན་སྟེང་དུ་ཁང་པ་རྒྱག་འཆར་བྱས་པར་དགོན་པའི་ངོས་ནས་གོང་རིམ་ལ་སྙན་ཞུ་རིམ་པར་སྤྲད་ཡོད་པ་དང་། འཛུགས་སྐྲུན་བྱེད་འཆར་ཡོད་པའི་ས་ཆ་དེར་དགོན་པའི་ནང་དུ་བླ་ཆེན་ཁག་ཕེབས་སྐབས་ཕེབས་བསུ་བྱེད་སར་འཁེལ་ཡོད་པ་དང་། སྔོན་ཆད་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཀུན་མཁྱེན་རིན་པོ་ཆེ་སོགས་ཕེབས་ལམ་དུ་ཆགས་ཡོད་དུས། ཁང་པ་འཛུགས་སྐྲུན་བྱས་པ་ཡིན་ན་ལམ་ཁ་དེ་བཅད་འགྲོ་ཡི་ཡོད་པས་ཁང་པ་འཛུགས་སྐྲུན་མ་བྱེད་རོགས་ཞེས་རེ་སྐུལ་བྱེད་བཞིན་ཡོད་འདུག ཅེས་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས། ཁང་པ་འཛུགས་སྐྲུན་བྱེད་མཁན་གྱི་སྦྱིན་བདག་དེ་ཚོ་སྲིད་གཞུང་གི་ལས་བྱེད་པ་ཡིན་མིན་གང་ལྟར་ཀྱང་རྒྱབ་རྩར་གཞུང་ཡོད་མཁན་རེ་ཡིན་འདུག་སྟབས། དགོན་པའི་སྙན་ཞུ་དེར་རྫོང་གིས་ཉན་འཇོག་བྱེད་ཀྱི་མེད་པ་དང་། ཉེ་ཆར་དགོན་པའི་དབྱར་ཐོག་ཚར་བ་དང་ཁུལ་རིམ་པ་དང་རྫོང་རིམ་པའི་དཔོན་པོ་ཁག་ཅིག་དགོན་པར་ཡོང་ཡོད་པ་དང་། སྐབས་དེར་གྲྭ་མང་གིས་མདུན་ཐང་ནས་ཁང་པ་འཛུགས་སྐྲུན་མི་བྱེད་པའི་རེ་སྐུལ་བྱས་པ་ལ་བརྟེན་ནས་འཛིན་བཟུང་བྱས་པ་དང་། བཀག་ཉར་བྱས་ནས་ཉིན་ ༦ འགྲོ་བཞིན་ཡོད་ཀྱང་ད་དུང་ཀློད་མ་བྱུང་། སྤྱིར་དགེ་འདུན་པ་གཞན་ཚོ་དགོན་པའི་ལས་འགན་ཡོད་ས་དེ་འདྲ་གང་ཡང་མིན་ན་ཡང་འཛིན་བཟུང་བྱེད་དོན་ནི། དགོན་པར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ལས་ཁོ་ཚོར་ཆབ་སྲིད་སོགས་ཀྱི་ནག་ཉེས་གང་ཡང་མེད་ལ། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་ག་འདྲ་ཡོད་སོགས་གསལ་བོ་ཤེས་ཀྱི་མི་འདུག་མོད། དགོན་པའི་ངོས་ནས་ཁོ་ཚོ་འཛིན་བཟུང་བྱས་པའི་རྐྱེན་གྱིས་ཞབས་བརྟན་ཚོགས་བསྡད་འདུག ཅེས་བརྗོད་བྱུང་།

རྔ་བ་སྒོ་མང་དགོན་ནི་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་སའི་རྔ་བའི་ཡུལ་གྱི་དགོན་པ་ཚོའི་གྲས་ཀྱི་གཅིག་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་རྔ་བ་རྫོང་གི་དགོན་པ་ཚང་མའི་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཀོད་ཁྱབ་གཏོང་སྐབས། དགེ་འདུན་མང་པོ་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་མཐོན་པོར་བསྒྲེངས་ཏེ་རྫོང་གྲོང་ཁྱེར་ནང་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་བྱས་པ་མ་ཟད།  དུས་མཚུངས་དགོན་པའི་ཕྱི་ལ་ཡོད་པའི་སྒོ་མང་གྲོང་ཁུལ་གྱི་ཡུལ་མི་མང་པོས་ཀྱང་རྔམ་སྟོན་ཁྲོམ་སྐོར་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་ཟླ་༩ ཚེས་ ༢༨ ཉིན་རྔ་བ་སྒོ་མང་དགོན་མཐའ་བ་སྡེ་བའི་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐབས། སྒོ་མང་དགོན་པའི་གྲྭ་བ་ཚོས་འདས་པོར་བསྔོ་སྨོན་གསུང་བར་རྒྱ་ནག་གཞུང་གི་ཉེན་རྟོག་པས་དམ་དྲག་དང་གྲྭ་བ་དག་བསྔོ་སྨོན་ལ་ཕེབས་མི་ཆོག་པ་བཟོས་པ་སོགས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་རེད།

རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་སྟེ་སྤྱི་ལོ་༡༧༩༠ ལོའི་ཟླ་གཉིས་བར།  ཀུན་མཁྱེན་སྐུ་འཕྲེང་གཉིས་པ་༧རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་མཆོག་གིས་ཕྱག་བཏབས་ཏེ་མཚན་ལ་སྒོ་མང་སྒར་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་ཞེས་བཏགས་ཡོད་པ་དང་། དེའི་རྗེས་༧གུང་ཐང་བསྟན་པའི་སྒྲོན་མེས་ཁྲི་རབས་དང་བོ་མཛད་དེ་འཆད་ཉན་སོགས་སྐྱོང་གནང་ཡོད་པ་དང་།  ཕྱི་ལོ ༡༩༠༧ ལོར་ཀུན་མཁྱེན་བཞི་བ་ཆེན་མོ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་རྨད་བྱུང་ཐོས་བསམ་གླིང་གསར་དུ་བཙུགས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་ཆོས་སྒར་ཞིག་ཆགས་ཏེ་བཤད་སྒྲུབ་འདུས་སྡེ་གླིང་ཞེས་པའི་མཚན་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༧

Leave a Reply