ཁང་པ་གསར་རྒྱག་དང་རྙིང་པ་བསྐྱར་བཟོ་བྱེད་མི་ཆོག

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་དུ་རང་མོས་ཀྱིས་ཁྲིམས་འགལ་ངང་ཁང་པ་བསྐྱར་བཟོ་དང་གསར་བཟོ་བྱས་ཚེ་མཇུག་འབྲས་རང་ཉིད་ཀྱིས་འཁུར་དགོས་པ་མ་ཟད་བཙན་གཏོར་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༢ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ཡ་ཆེན་དགོན་ནས་ཉུང་མཐར་གྲྭ་བཙུན་གྱི་་བཞུགས་ཤག་ ༣༥༠༠ ལྷག་གཏོར་བཤིག་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཡ་ཆེན་དགོན་བདག་གཉེར་ཁང་གི་གྲྭ་ཁུལ་གཉིས་པའི་ཚོ་ཆུང་ཟེར་པས་བརྡ་ཁྱབ་ཅིག་སྤེལ་པའི་ནང་། ཡ་ཆེན་དགོན་དུ་ཁང་པ་གསར་བཟོ་དང་བསྐྱར་བཟོ་གཏན་ནས་མི་ཆོག་པ་དང་ཁྱད་པར་དུ་གསར་པ་རྩ་བ་ནས་ལས་མི་ཆོག་པའི་བརྡ་ཁྱབ་བཀྲམས་འདུག

བརྡ་ཁྱབ་ནང་གལ་སྲིད་ཁང་པ་རྙིང་པ་བསྐྱར་བཟོ་དགོས་ཚེ། ངེས་པར་དུ་དོ་བདག་གིས་དགོན་པའི་འབྲེལ་ཡོད་ཀྱི་དོ་དམ་ཁང་ལ་རེ་ཞུ་ཡི་གེ་དང་དགོན་པའི་འབྲེལ་ཡོད་མི་སྣའི་མོས་མཐུན་ཡོད་པའི་ཡི་གེ  དེ་བཞིན་ཁང་པ་བསྐྱར་བཟོ་བྱེད་དགོས་པའི་རྒྱུ་མཚན་དང་བསྐྱར་གསོའི་པར་རིས་སོགས་དགོས་ཀྱི་ཡོད་པ་དང་། སྙན་ཞུ་དེ་འབྲེལ་ཡོད་ལས་ཁུངས་ལ་འབྱོར་བ་ས་ཟླ་གཅིག་གི་ནང་ཚུད་ལ་བསྐྱར་བཟོ་བྱས་ཆོག་མིན་གྱི་བརྡ་ལན་སྤྲོད་ཀྱི་ཡིན་ལ། གལ་སྲིད་རང་མོས་ཀྱིས་ཁྲིམས་འགལ་ངང་ཁང་པ་བསྐྱར་བཟོ་དང་གསར་བཟོ་བྱས་ཚེ་མཇུག་འབྲས་རང་ཉིད་ཀྱི་འཁུར་དགོས་སྐོར་བསྒྲགས་འདུག

དེ་སྔོན་རྒྱ་ནག་གཞུང་གིས་ཡ་ཆེན་དགོན་དུ་ལམ་ཆེན་མེད་ན་མེ་སྐྱོན་བྱུང་སྐབས་སོགས་སུ་རླངས་འཁོར་འགྲོ་ས་མེད་སྟབས། གྲྭ་སྒར་དུ་རྨིད་ ༡༠ ཅན་གྱི་ལམ་ཆེན་བདུན་དང་། བཙུན་མའི་སྒར་དུ་ལམ་ཆེན་བཅུ་ཙམ་བཟོ་དགོས་པས་ཁྱོན་གྲྭ་བཙུན་གྱི་ཁང་པ་ཉུང་མཐར་ ༣༥༠༠ ལྷག་གཏོར་དགོས་པའི་སྔོན་བརྡ་འབྱོར་ཏེ། གྲྭ་ཤག་རྣམས་གྲྭ་བཙུན་རང་ཉིད་ལ་བཤིག་ཏུ་བཅུག་ཡོད་པ་དང་། སོ་སོས་མ་བཤིག་པ་རྣམས་རྒྱ་གཞུང་གིས་ལས་མི་ཆེད་མངགས་ཀྱིས་བཙན་གཏོར་བྱས་ཡོད་འདུག

ཡ་ཆེན་སྒར་རམ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནི་ཕྱི་ལོ་ ༡༩༨༤ ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབས་པ་དང་། གསེར་རྟ་བླ་རུང་སྒར་དང་འདྲ་བར་བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་སའི་ལྟེ་གནས་ཆེན་པོ་ཞིག་ཡིན་འདུག དེ་སྔོན་གྱི་གནས་ཚུལ་ལྟར་ན། དགོན་གནས་དེར་གཏན་སྡོད་སློབ་གཉེར་བ་ཁྱོན་ ༡༠༠༠༠ ཡས་མས་ཤིག་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༧

Leave a Reply