བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་རྒྱལ་བར་བཀག་སྡོམ་བཟོས་མེད་ཟེར།

རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་ལ་མཇལ་བར་རིན་མེད་དང་འགྲུམ་འགྲུལ་མགྲོན་ཁང་སོགས་ཀྱི་འགྲོ་གྲོན་ཉུང་དུ་གཏོང་གི་ཡོད་སྐོར་བསྒྲགས་འདུགབོད་ལྗོངས་དྲ་བའི་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དགུན་དུས་སུ་བོད་ལྗོངས་ལ་ཡུལ་སྐོར་བྱེད་པ་ཞེས་པའི་ལས་གཞི་ཞིག་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ནས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༥ བར་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་༧གོང་ས་མཆོག་གི་དབྱར་དགུན་གྱི་བཞུགས་གནས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་རིན་མེད་ངང་ཡུལ་སྐོར་བར་སྒོ་ཕྱེ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་པོ་ཏ་ལར་བོད་མི་ཕུད་མཇལ་སྐོར་བ་རེ་རེར་རྒྱ་སྒོར་ ༢༠༠ དང་། ནོར་བུ་གླིང་གར་བོད་མི་རེར་སྒོར་ ༢ དང་གཞན་རྣམས་ལ་མི་རེར་སྒོར་ ༡༠༠ རེ་ལེན་གྱི་ཡོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་ཞེས་པ་དེས། བོད་ནང་ཡུལ་སྐོར་བ་ཇེ་མང་དུ་བཏང་སྟེ་དབུལ་གྲོལ་གཏོང་རྒྱུ་ནི་དམིགས་འབེན་གཙོ་བོ་ཞིག་ཡིན་སྟབས། ང་ཚོས་སྲིད་ཇུས་དང་ལས་གཞི། དེ་བཞིན། རོགས་དངུལ་བཅས་ཀྱི་གནས་སྟངས་ལ་དཔག་པའི་རང་སྐྱོང་ལྗོངས་ནང་ཡུལ་སྐོར་གྱི་གནས་སྟངས་གཙོར་འཛིན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཡང་བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་འགན་འཛིན་འཇིགས་མེད་དབང་མཚོ་ཞེས་པ་ཞིག་གིས། བོད་ལྗོངས་ཀྱི་རིག་གཞུང་ངོ་སྤྲོད་དང་མཛེས་ལྗོངས་ནི་ཡུལ་སྐོར་བ་ཇེ་མང་དུ་གཏོང་ཐབས་ཀྱི་ལམ་ཁ་ཡག་པོ་ཞིག་ཡིན་སྐོར་དང་། བོད་ནང་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་བཀག་སྡོམ་བྱེད་པའི་སྲིད་བྱུས་ནི་རྒྱ་ནག་དབུས་གཞུང་ནས་བཟོས་པ་ཞིག་པ་ལས་བོད་རང་སྐྱོང་ལྗོངས་ཀྱིས་བཟོས་མེད། ཅེས་དང་། བོད་ནང་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་བཀག་སྡོམ་བྱེད་པའི་སྲིད་བྱུས་ནི་དབུས་གཞུང་ནས་བཟོས་པ་ཞིག་ལས་བོད་རང་སྐྱོང་ལྗོངས་ཀྱིས་བཟོས་མེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ལྟར་ན།  ན་ནིང་བོད་རང་སྐྱོང་ལྗོངས་སུ་ཕྱི་གླིང་བ་དང་རྒྱ་རིགས་བཅས་ཡུལ་སྐོར་བ་ཁྱོན་མི་གྲངས་ས་ཡ་ ༢༥།༦ ལྷག་བྱུང་སྟེ། ཡོང་འབབ་ཨ་སྒོར་ཐེར་འབུམ་ ༥།༩ བྱུང་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༡༦ ལོའི་མི་འབོར་གྱི་གྲངས་ཚད་ལས་བརྒྱ་ཆ་ ༡༠།༦ འཕར་བ་དང་། ཡོང་འབབ་ཀྱི་ཆ་ནས་བརྒྱ་ཆ་ ༡༤།༧ འཕར་ཡོད་ལུགས་དང་། འདི་ལོའི་ཐོག་མའི་ཟླ་ ༥ རིང་བོད་ནང་ཡུལ་སྐོར་བ་ཁྱོན་ས་ཡ་ ༥།༦ ཙམ་ཡོང་སྟེ་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༡།༡ བྱུང་ཡོད་སྐོར་བསྒྲགས་འདུག

འདི་ལོའི་ལོ་མགོར་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་གི་མཁའ་འགྲུལ་དོ་དམ་ཚན་པས། བོད་ནང་ཡུལ་སྐོར་བ་ཇེ་མང་དུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་སོགས་ཀྱི་ཆེད། གཞིས་ཀ་རྩེ་དང་ལྷོ་ཁ། མངའ་རིས་བཅས་ཀྱི་ནང་གནམ་ཐང་གསར་རྒྱག་བྱས་ཏེ། ཕྱི་ལོ་ ༢༠༢༠ ལོར་བོད་ནང་ཡུལ་སྐོར་བའི་གྲངས་འབོར་མི་ས་ཡ་ ༣༠ ལྷག་ཡོང་རྒྱུར་དམིགས་ཡོད་སྐོར་སོགས་བརྗོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ནང་བཀོད་པ་ལྟར་ན། དགུན་དུས་སུ་བོད་ལྗོངས་ལ་ཡུལ་སྐོར་བྱེད་པ་ཞེས་པའི་དམིགས་བསལ་ལས་གཞི་དེའི་ནང་། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་ཡུལ་སྐོར་བར་རིན་མེད་ངང་སྒོ་འབྱེད་རྒྱུ་དང་།  སྤྲོ་འཆམ་སྐབས་ཡུལ་སྐོར་པས་ཚད་ལྡན་གྱི་ཐོབ་ཐང་ལག་ཁྱེར་བཟུང་སྟེ་ཐད་ཀར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱས་ཆོག་གི་ཡོད་ཀྱང་།  གནའ་ཤུལ་རིག་དངོས་ཀྱི་བདེ་འཇགས་ཆེད་ཉིན་རེར་མི་ ༥༠༠༠ ལས་བརྒལ་མི་ཆོག་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སྔར་ལས་སྐུལ་འདེད་གཏོང་ཆེད། གསོལ་མགྲོན་ཁང་དང་ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་ལྕགས་ལམ་སོགས་ལའང་རིན་གོང་ཆུང་དུ་གཏོང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༡༩

Leave a Reply