གསང་ཉུལ་བའི་དོཊ་གཞིའི་འོག་རྒྱ་མི་ཞིག་འཛིན་བཟུང་བྱས།

ཨ་རིའི་ནང་དུ་ཡོད་པའི་རྒྱ་རིགས་ཚན་རིག་པ་དང་བཟོ་སྐྲུན་ལས་རིགས་པ་ཁག་ཅིག་ལ་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་རྒྱ་རིགས་སློབ་མ་ཞིག་འཛིན་བཟུང་བྱས།

ཨ་རིའི་ཨེ་ལི་ནོ་སི་ (Illinois) མངའ་སྡེའི་ཁྲིམས་དོན་ཚན་པའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་ཆའེ་ག་གྷོ་ (Chicago) གྲོང་ཁྱེར་ནས་ཨ་རིའི་མི་སེར་ཡིན་པའི་རྒྱ་ནག་དང་ཐའེ་ཝན་ནས་ཡིན་པའི་རྒྱ་རིགས་ལས་བྱེད་འགར་གསང་ཉུལ་བྱས་པའི་དོགས་གཞིའི་འོག་རྒྱ་རིགས་སློབ་ཕྲུག་ཇི་ཁྲོ་ཆིན་ (Ji Chaoqun) ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་འདུག

རང་ལོ་ ༢༧ ཡིན་པའི་ཇི་ཁྲོ་ཆིན་ནི་ཕྱི་ལོ་ ༢༠༡༣ ལོར་པེ་ཅིན་ནས་སློབ་མའི་ཐོངས་མཆན་ཐོག་ཨ་རིར་ཕྱིན་འདུག་པ་དང་། ཆའེ་ག་གྷོ་གྲོང་ཁྱེར་ནང་གི་མཐོ་སློབ་ (Illinois Institute of Technology) ལ་འཛུལ་ཞུགས་ཀྱིས་གློག་འཕྲུལ་བཟོ་ལས་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག ཨ་རིའི་མི་སེར་ལག་འཁྱེར་མེད་མཁན་དང་གཏན་སྡོད་མི་ཆོག་མཁན་སྐད་ཡིག་དང་ལག་རྩལ་ཁྱད་པར་བ་ཡོད་མཁན་རྣམས་ལ་དམིགས་བསལ་གྱི་དམག་སྦྱོང་ཞིག་སྤྲད་པའི་གོ་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་དམག་སྡེ་ (US Army Reserves) ནང་འཛུལ་ཞུགས་བྱས་ཡོད་འདུག

དམག་སྡེ་དེའི་ཁུངས་སུ་འཛུལ་སྐབས་ཁོས་འདས་པའི་ལོ་འགའི་རིང་ཕྱི་རྒྱལ་གྱི་གཞུང་སུ་གཅིག་ལའང་འབྲེལ་བ་མེད་སྐོར་བརྗོད་ཡོད་ཀྱང་། ཕྱིས་སུ་ཨ་རིའི་དམག་མིས་འདྲི་རྩད་ཅིག་གི་སྐབས་སུ་ཁོའི་སྐད་ཆ་ལ་འགལ་ཟླ་བྱུང་ཡོད་པ་དང་། ཇི་ཁྲོ་ཆིན་གྱིས་རྒྱ་གཞུང་གི་གསང་ཉུལ་བ་བྱས་ཏེ་ཨ་རིའི་རྒྱ་རིགས་ཚན་རིག་པ་དང་བཟོ་ལས་པ་ ༨ ལ་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་དོགས་གཞི་བྱུང་སྟེ་འཛིན་བཟུང་བྱས་ཡོད་པ་དང་། གསང་ཉུལ་བྱེད་སའི་རྒྱ་རིགས་ཚན་རིག་པ་དང་བཟོ་ལས་པ་དེ་དག་གི་ནང་ནས་མི་ ༧ གྱིས་དེ་སྔོན་ཨ་རིའི་རྒྱལ་སྲུང་ལས་ཁུངས་ནང་ལས་ཀ་བྱས་མྱོང་ཡོད་འདུག

ཁ་སང་ས་གནས་དེའི་ཕྱི་དྲོའི་ཆུ་ཚོད་ ༤ ཐོག་ཇེ་ཁྲོ་ཆིན་ཆའེ་ག་གྷོ་རྫོང་ཁྲིམས་ཁང་དུ་འཁྲིད་ཡོད་པ་དང་། ས་གནས་ཁྲིམས་དོན་ཚན་པས་གལ་སྲིད་ནག་ཉེས་ར་འཕྲོད་བྱུང་ཚེ། རིང་ན་ལོ་ ༡༠ ཙམ་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༢༦

Leave a Reply