ལ་དྭགས་བོད་མིའི་ས་ཆ་བདག་པོ་ཡག་པོ་རྒྱག་པའི་དུས་ལ་བསླེབས་འདུག་ཟེར།

ལ་དྭགས་སུ་གནས་སྡོད་རྒན་འགྱུར་མེད་ཚེ་རིང་ལགས་སུ་ལ་དྭགས་ཁུལ་གྱི་བོད་མི་ཚོས་ས་ཆ་བཙོང་བཞིན་ཡོད་པའི་སྐོར་ལ་བཅར་འདྲི་བྱས།
དྲི་བ། ཁྱེད་ཀྱིས་དེ་སྔོན་ལ་དྭགས་ཁུལ་གྱི་བོད་པ་ཚོས་ཡུལ་ཁྲིམས་ལ་མ་ལྟོས་པར་ས་ཆ་བཙོང་གི་ཡོད་པའི་སྐོར་ནས་རྩོམ་ཡིག་ཅིག་བྲིས་སོང་། ལ་དྭགས་བོད་མིའི་ས་ཆའི་གནས་སྟངས་སྤྱི་ཡོངས་ངོ་སྤྲོད་ཅིག་གནང་རོགས།

ལན། ལ་དྭགས་བསོད་ནམས་གླིང་གི་གཞིས་ཆགས་ཀྱི་ས་ཆ་མང་པོ་ཞིག་ཡུལ་མིར་བཙོངས་ནས་ད་ལྟ་ལོ་རེ་ནས་ལོ་རེར་དཀའ་ངལ་གྱི་རྣམ་པ་མངོན་གསལ་ཇེ་དོད་ལ་འགྲོ་བཞིན་ཡོད། གླེང་རྙོག་རང་བཞིན་ཅན་གྱི་གནད་དོན་འདི་གཞིས་ཆགས་ཀྱི་མི་ཆེ་འབྲིང་ཀུན་ལ་གསལ་གསལ་ཐིང་ཐིང་ཡིན་ནའང་། རྣོ་ངར་ཆེ་བའི་གནད་དོན་ཞིག་ལ་སོང་། འདོད་རུང་མི་འདོད་རུང་མང་པོས་མི་སྨྲ་བའི་བརྟུལ་ཞུགས་འབའ་ཞིག་ཨུ་ཚུགས་ཀྱིས་བཟུང་ནས་བསྡད་འདུག་སྙམ། ངས་ཀྱང་ཡུན་རིང་ཞིག་ལ་གཞན་བཞིན་མི་སྨྲ་བའི་ངང་ཚུལ་འཛིན་ཁུལ་བྱས་ཀྱང་། ད་ལྟ་གཞིས་ཆགས་ཀྱི་གྲོང་སྡེ་ལ་ལའི་ཞིང་ས་བརྒྱ་ཆ་ལྔ་བཅུ་ལྷག་ཙམ་ཡུལ་མིར་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་བཙོངས་ཟིན་པའི་གནས་སྟངས་རེད་འདུག  འདི་ནི་འཕྲལ་ཕུགས་གང་ལའང་རྔོ་མི་ཐོགས་པ་མ་ཟད། དེ་ལ་བརྟེན་ནས་ཡུལ་མིས་བོད་མི་རིགས་སྤྱི་ལ་བཅོལ་བའི་ཡིད་ཆེས་དང་། བླ་མ་དང་སློབ་མའི་དམ་ཚིག་ལའང་གོད་ཆག་འགྲོ་མི་སྲིད་པ་མི་འདུག་པས། སྤྱི་སྒེར་ཐམས་ཅད་ཀྱིས་དེ་ལ་ཡིད་གཟབ་གནང་དགོས་པ་ཞིག་རེད་འདུག སྤྱིར་ན་བསོད་ནམས་གླིང་གི་ཞིང་ས་ཡུལ་མིར་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་བཙོང་བ་དེ་འདས་པའི་ལོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་སྔོན་ནས་མགོ་བཙུགས་ཏེ། ད་ལྟའང་ཕྱིན་དང་འགྲོ་བཞིན་པའི་བྱ་བ་ཞིག་རེད། དེ་ཡང་ཕལ་ཆེར་དང་ཐོག་སྨན་ལྷ་གཞིས་ཆགས་ཀྱི་ཞིང་ས་ནས་བཙོང་རྒྱུ་མགོ་བཙུགས་ནས་རིམ་གྱིས་ལྕོག་ལམ་དང་ཨ་གླིང་ཕྱོགས་ལ་བག་ཆགས་ངན་པའི་ཤན་ཞུགས་ཐེབས་པ་ཞིག་ཡིན་འདུག

དྲི་བ།  བོད་མི་ཚོས་ཡུལ་ཁྲིམས་ལ་མ་ལྟོས་པར་ས་ཆ་བཙོང་བ་དེར་ཡུལ་མི་ཚོས་ལྟ་ཚུལ་ག་འདྲ་འཛིན་གྱི་འདུག

ལན། བསོད་ནམས་གླིང་གི་མི་ལ་ལས་ཁྲིམས་མཐུན་མ་ཡིན་པའི་ངང་ནས་ཞིང་ས་བཙོངས་པ་དེས། ས་གནས་ཀྱི་བསམ་ཡོད་ཡུལ་མི་མང་པོའི་བློ་ངོར་ལྟ་ཚུལ་བཟང་པོ་དེ་ཙམ་མེད་པའི་ཚོད་རེད། དེ་ལྟར་ཡིན་པ་ལོ་ལྟར་ལ་དྭགས་ཁུལ་ལ་གཞུང་འབྲེལ་སྐོར་སྐྱོད་ལ་ཕེབས་མཁན་གྱི་བཀའ་བློན་དང་། གྲོས་ཚོགས་ཀྱི་འཐུས་མི་སྤྱི་འཐུས་རྣམས་ཀྱི་ངག་ནས་གསལ་པོ་ཆགས་ཐུབ། དེང་སང་ཡུལ་མི་མང་པོས་བསོད་ནམས་གླིང་གི་བོད་མིའི་ཁྲོད་ནས་ས་ཆ་རིན་གོང་ཁེ་པོ་དང་རྒྱ་ཁྱོན་ཆེན་པོ་དེ་འདྲ་རག་གི་ཡོད་པ་ཧ་གོ་ནས་ས་ཆ་འཚོལ་མཁན་མང་པོ་ཡོད་པ་མ་ཟད།ལ་ལས་དེ་སྔོན་བོད་མིའི་ལག་ནས་ས་ཆ་ཉོས་པ་དག་ནི། དེང་སང་ས་ཆ་དེ་ཁོ་ན་བརྟེན་ནས་འཚོ་ཐབས་སྐྱེལ་མཁན་གྱི་ཡུལ་མི་དེ་འདྲ་ཡང་ཡོད་པ་ཉུང་ཉུང་རེད་མི་འདུག

ས་ཆ་བཙོངས་པ་དེ་ལ་བརྟེན་ནས་གླེང་རྙོག་ཅི་ཞིག་ཡོང་གི་ཡོད་དམ་ཞེ་ན།ལ་དྭགས་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་མི་དང་། ཡུལ་མིའི་བར་ཞིང་ཆུ་འགོག་གཏོང་གི་ལབ་གླེང་ལོ་རེ་ནས་ལོ་རེར་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། བོད་མི་ནང་ཁུལ་ལའང་གླེང་གཞི་བྱུང་གི་ཡོད་པ་རེད།  ད་ལྟ་བར་དཀའ་ངལ་འཕྲད་ས་ཕལ་ཆེ་བ་ནི།ཁྲིམས་མཐུན་ལུགས་མཐུན་བྱས་ནས་སྡོད་མཁན་གྱི་བོད་མི་བཙན་བྱོལ་བ་དེ་དག་ལ་རེད་འདུག་སྙམ། ཁོང་ཚོར་ཞིང་ཆུ་འདྲེན་སའི་ཡུར་བ་སྟབས་བདེ་པོ་ཞིག་མེད་ཁར། གཞིས་ཆགས་ཀྱི་སྒོ་ཟོག་སྐྱོང་མཁན་གྱི་ཕྱུགས་ཟོག་བདག་པོ་ཁྱིམ་བདག་མང་པོར་ཕྱུགས་ཟོག་འདེད་སའི་ལམ་ཀ་མི་རག་པའི་དཀའ་ངལ་ཡང་ཡང་ཡོང་གི་ཡོད། ད་ལྟ་ཨ་གླིང་བོད་མིའི་གཞིས་ཆགས་ལ་མཚོན་ན། བ་ཕྱུགས་གསོ་ཉར་བྱེད་མཁན་ལོ་ཤས་སྔོན་དང་བསྡུར་ན་ཧ་ཅང་ཉུང་དུ་ཕྱིན་ཡོད། དེ་ཡང་དངོས་སུ་འབྲེལ་བ་མེད་པ་ལྟ་བུ་ཞིག་མངོན་སྲིད་ཀྱང་ཞིབ་པར་དཔྱད་ན།  བརྒྱུད་ནས་ཞིང་ས་བཙོངས་པའི་དོན་གནད་དང་འབྲེལ་བ་ཡོད་ཁོ་ཐག་རེད།

དྲི་བ། བོད་པ་ཚོས་བཙོང་བཞིན་པའི་ས་ཆ་དེ་དག་གཙོ་བོ་ཞིང་ས་དང་ཁང་ས་གང་ཡིན་པ་དང་ས་ཆ་དེ་དག་བཙོངས་བའི་རིན་འབབ་གྱིས་ཅི་ཞིག་བྱེད་ཀྱི་ཡོད་པ་རེད།

ལན། བཙོངས་པའི་ས་ཆ་མང་ཆེ་བ་ཞིང་ས་རེད། ཁང་སའང་མེད་པ་མིན་པར་ཁ་ཤས་ཡོད་པ་རེད། དེ་བཙོངས་ནས་རིན་འབབ་དག་གིས་བྱ་བ་ཅི་ཞིག་བྱེད་ཀྱི་ཡོད་མེད་མི་ཤེས་ཏེ།གཞན་གྱི་ཟེར་སྒྲོས་ལ་གཞིགས་ན། ལ་ལས་མོ་ཊ་འདྲ་ཉོས། ལ་ལས་སྡོད་ཁང་གསར་རྒྱག་འདྲ་བྱས། ཡང་ལ་ལས་ཚོང་གི་རིགས་ཙག་ཙིག་འདྲ་གཉེར་ནས་སྡོད་ཀྱི་ཡོད་བཟོ་འདུག

ཡང་ཞིང་བདག་དང་ཁང་བདག་ཁ་ཤས་ཀྱིས་རང་ལ་ཡོད་པའི་ས་ཆ་རྣམས་གཞན་ལ་བཙོངས་ཏེ། རང་ཉིད་ཁྱིམ་ཚང་དང་བཅས་པ་གནས་གཞན་དུ་རྦད་དེ་སྤོར་འགྲོ་མཁན་དེ་འདྲ་ཡང་བྱུང་འདུག དེའི་ཐད་གྲོང་སྡེ་སོ་སོ་དང་། གཞིས་ཆགས་ལས་ཁུངས་གང་གིས་ཀྱང་འབྲེལ་མེད་དོན་གཞན་ལྟ་བུར་བསྐྱུར་ནས་བཞག་ཡོད།  གནད་ཡོད་མི་སྣ་ལ་ལས་ས་ཁང་གི་སྒྲིག་གཞིའི་སྟེང་ལ་འཐུས་ཤོར་ཕྱིན་པ་དག་ནི། གཞིས་མགོ་སྔོན་བྱོན་མང་པོའི་རིང་ལ་འཐུས་ཤོར་གཅིག་ཤོར་གཉིས་ཤོར་ལ་ཕྱིན་བསྡད་པ་ཞིག་ཡིན་པས། དེ་ནི་ད་ཆ་བཅོས་ཐབས་མེད་པའི་ན་ཚ་ཞིག་གི་ཚོད་ལ་ལྟ་ཡི་འདུགབསམ་བློ་གཏོང་ཕྱོགས་འདི་ནི་བདག་གིས་བསམས་ན་གཞི་རྩ་ཁྱོན་ནས་མེད་པ་ཞིག་རེད་སྙམ། བྱེ་བྲག་གི་ལས་དོན་དེར་འདས་པའི་ལོ་ཡི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་ཙམ་གྱི་སྔོན་ནས་འཐུས་ཤོར་གྱི་ཕྱོགས་སུ་ཕྱིན་མགོ་བཙུགས་ཡོད་ནའང་། ད་ལྟ་ལྷག་ལུས་ཞིང་ས་དང་ཁང་ས་ཇི་སྙེད་ཅིག་ཡོད་པ་དེ་དག་ཁྲིམས་དང་སྒྲིག་གཞི་བཙན་པོ་ཞིག་གི་འོག་ལ་བསྐྱོད་དགོས་པའི་བླང་བྱ་མགྱོགས་མྱུར་འདོན་དགོས་པའི་དུས་ལ་བབ་ཡོད། དེ་ནི་བྱ་ཐུབ་པ་ཞིག་ཡིན་ལ་ཅིས་ཀྱང་བྱ་དགོས་པའི་ལས་དོན་ཞིག་ཡིན།

དྲི་བ། ལ་དྭགས་སླེ་ཁུལ་དུ་བོད་པའི་གཞིས་གྲོང་བཅུ་གཉིས་ཡོད་པའི་ནང་ནས་ས་ཆ་བཙོང་མཁན་མང་ཤོས་གཞིས་གྲོང་གང་ཡིན་པ་དང་། རྒྱུ་རྐྱེན་གང་ལ་ཐུག་པ་རེད་བསམ་གྱི་འདུག

ལན། ད་ལྟ་ལ་དྭགས་སུ་བོད་མི་བཙན་བྱོལ་བ་སྟོང་ཕྲག་ཁ་ཤས་ཡོད་པ་ལས་ཕལ་ཆེ་བ་ལ་ཞིང་ས་སྟ་ཞོག ཁང་པ་རྒྱག་སའི་ས་ཆ་ཆུང་ཆུང་ཞིག་ཀྱང་མེད་པའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཉམ་ཆུང་མང་པོ་ཡོད། འོན་ཀྱང་ཞིང་ས་ཡོད་མཁན་གྱི་ཁྱིམ་བདག་ཚོད་དཔག་བྱས་ན་བརྒྱ་ཆ་ ༢༠ ལྷག་ཙམ་ལས་མེད་ནའང་། ཁོང་ཚོར་ཡོད་པའི་ས་ཆའི་རྒྱ་ཁྱོན་ནི་བཙན་བྱོལ་བ་ཞིག་ལ་མཚོན་ན་ཧ་ཅང་ཆེན་པོ་ཞིག་ཡིན། གཞིས་ཆགས་ཀྱི་གྲོང་སྡེ་བཅུ་གཅིག་དང་བཅུ་གཉིས་གཉིས་ནི་གྲོང་སྡེ་གསར་པའི་ཁོངས་གཏོགས་ཡིན་པས། ཕལ་ཆེར་ཞིང་ས་ཚོང་སྒྱུར་གྱི་གླེང་རྙོག་དང་འབྲེལ་བ་དེ་ཙམ་མེད་པའི་ཚོད་རེད། དེ་བཞིན་གྲོང་སྡེ་བཅུ་པར་མཚོན་ན། བདག་ལ་དེ་ཙམ་ཆ་རྒྱུས་མེད་པས་བཤད་ཚོད་ཁག་པོ་ཆགས་འདུག དེ་མིན་གཞིས་གྲོང་དང་པོ་ནས་དགུ་པ་བར་གྱི་ཞིང་ས་ལས་ཡུལ་མིར་མང་ཉུང་ལ་མ་ལྟོས་པར་ཕྱིར་བཙོངས་བྱས་མེད་མཁན་གཅིག་ཀྱང་ཡོད་པ་མ་རེད། དེའི་ནང་ནས་ཉུང་ཤོས་གཞིས་དྲུག་པ་དང་བདུན་པ་ཡིན་འདུག  གཞིས་གྲོང་དགུ་པར་མཚོན་ན། འདས་པའི་ལོ་ཤས་སྔོན་ལ་ཞིང་ས་འཚོང་མཁན་གྱི་གྲངས་འབོར་མང་དུ་ཕྱིན་ཡོད་པ་མངོན་གསལ་དོད་པོ་རེད། གཞིས་གྲོང་ཕལ་ཆེ་བར་མཚོན་ན། གཞིས་ཆགས་ཀྱི་མི་རབས་གསར་པ་ཚོར་ཁྱིམ་གཞིས་གསར་རྒྱག་གི་ས་ཆ་སྟ་ཞོག གད་སྙིགས་གཡུག་སའི་ས་དོང་གསར་པ་བཟོ་ས་ཙམ་ཡང་མེད་པའི་དཀའ་ངལ་ཡོད་པ་རེད།

དྲི་བ། ལ་དྭགས་ཁུལ་གྱི་བོད་པ་ཚོས་ས་ཆ་བཙོང་ནས་མུ་མཐུད་ལ་དྭགས་ཁུལ་དུ་འཚོ་བ་རོལ་ནས་བསྡད་ཡོད་དམ་ཡང་ན་ས་ཆ་གཞན་ལ་གནས་སྤོ་ཡི་ཡོད་དམ།

ལན། ཕལ་ཆེ་བ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་རང་ལ་སྡོད་ཡོད་ཁུལ་རེད། ལ་ལས་རང་གི་ཕ་མེས་དང་ཉེ་འབྲེལ་གྱི་ས་ཆ་རྣམས་གཞན་ལ་རྦད་དེ་བཙོངས་ནས། རྒྱ་ཐང་སོགས་སུ་གནས་སྤོས་ནས་ད་ལྟ་བར་ཕྱིར་ལོག་མ་བྱེད་པ་དེ་འདྲ་ཡང་བྱུང་ཡོད། ད་དུང་ཡིད་སྐྱོ་དགོས་པ་ཞིག་ལ་བོད་མི་ལ་ལས་རང་གི་ཕ་མའམ་གཉེན་ཉེའི་ས་ཆ་གང་ཡོད་གཞན་ལ་ཚོང་སྒྱུར་བྱས་པ་མ་ཟད། བསྡད་སའི་ཁང་པ་ཞིག་ལས་མེད་པ་དེ་ཡང་བཙོངས་ཏེ། རང་དང་རང་ཉིད་ཀྱི་ཁྱིམ་ཚང་དང་བཅས་པ་གཞན་གྱི་ཁང་པ་གླས་ནས་སྡོད་མཁན་དེ་འདྲ་བྱུང་འདུག དེ་ནི་ཤ་ཞིམ་པོ་གཞན་ལ་སྤྲད། གྱོད་ཀ་མཆུ་ཚུར་ལ་ལེན་ཟེར་བ་དང་མཚུངས་པ་རེད་མི་འདུག་གམ།

དྲི་བ། བོད་མིའི་སྒྲིག་འཛུགས་ནས་གཞིས་ཆགས་སྲ་བརྟན་ཡོང་ཐབས་ཀྱི་ལས་གཞི་མང་པོ་འགྲོ་བཞིན་ཡོད་ཀྱང་། བོད་མིའི་གཞིས་ཆགས་ཁག་ནས་མུ་མཐུད་ས་ཆ་བཙོང་བ་ཡིན་ན་མ་འོངས་པར་གཞིས་ཆགས་ཀྱི་གནས་སྟངས་ག་འདྲ་ཆགས་ཀྱི་རེད་བསམ་གྱི་འདུག

ལན། གཞིས་ཆགས་སྲ་བརྟན་ཡོང་མིན་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་ཀྱང་། གཞིས་ཆགས་ཀྱི་ཞིང་ས་དང་། ཁང་ས་ནི་སྲ་བརྟན་ཡོང་མིན་གྱི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཙོ་བོ་དེ་ཡིན་ཁོ་ཐག་རེད། བོད་མི་གནས་སའི་ས་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཁང་གི་སྒྲིག་གཞི་གང་ཡོད་དོ་ནན་ལག་བསྟར་དགོས་པ་གལ་ཆེན་རེད། ད་ལྟ་བཞིན་ད་དུང་ཡང་ལོ་ཤས་རིང་གོ་མེད་ཚོར་མེད་དང་། དོ་དོ་ནན་ནན་མེད་པར་འདི་ལྟར་ཕྱིན་སོང་ན། ལ་དྭགས་ཀྱི་གཞིས་ཆགས་འདི་སྲ་བརྟན་རྒྱུན་གནས་ལ་ཏན་ཏན་དྲི་བ་ཆེན་པོ་ཆགས་འདུག་སྙམ། ད་ལྟ་གཞི་རིམ་མི་མང་དཀྱུས་མའི་ཁྲོད་ལ་གཞིས་ཆགས་སྲ་བརྟན་གྱི་སྲིད་བྱུས་དང་འབྲེལ་བའི་གལ་ཆེན་གནད་དོན་གང་ཡིན་ཤེས་རྟོགས་མེད་མཁན་མང་པོ་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་སྒྲིག་གཞིའི་སྲིད་བྱུས་དང་ལམ་སྟོན་དྷ་རམ་ས་ལ་ནས་རྔ་ཆེན་སྟོང་ཕྲག་དུས་གཅིག་ལ་མཉམ་དུ་བརྡུངས་ན་ཡང་། ས་གནས་ཀྱི་གཞིས་མགོ་དང་། གྲོང་སྡེའི་བརྒྱ་དཔོན་དང་བཅུ་དཔོན་གྱི་འགྲམ་ན་སླེབས་དུས་སྒྲ་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་ཡི་ཡོད་པ་ཞིག་ཚོར་གྱི་འདུག

དྲི་བ། སྤྱིར་ས་ཆ་བཙོང་བའི་གནད་དོན་དེ་བོད་པའི་གཞིས་ཆགས་ཚང་མའི་ནང་བྱུང་གི་ཡོད་པ་རེད་དེ། ཁྱེད་ཀྱི་རྩོམ་ཡིག་ནང་ལ་དྭགས་ཁུལ་གྱི་ས་ཆ་བཙོང་བའི་གནད་དོན་དེ་རྩོད་རྙོག་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་དགོས་དོན་ག་རེ་ཡིན་ནམ།

ལན། དང་ཐོག་ང་ཚོ་གཞིས་ཆགས་དེ་ཚོ་གསར་འཛུགས་བྱེད་སྐབས། བཙན་བྱོལ་བོད་མི་རྣམས་རང་ཡུལ་དང་ཁ་གྱེས་ན་ཡང་འབྱུང་འགྱུར་འཚར་ལོངས་བྱ་རྒྱུའི་བུ་རབས་ཚ་རྒྱུད་རྣམས་བོད་མི་རིགས་གཙང་མ་ཞིག་ལ་རྒྱུན་གནས་ཐུབ་ཐབས་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་འཆད་སྤེལ་གྱི་བྱ་བ་སྟབས་བདེ་དང་། བོད་དོན་སྒྲུབ་པ་ཉམས་ལེན་ལ་ཤུགས་གནོན་དམིགས་བསལ་བ་ཞིག་ཡོང་རྒྱུ་རྩ་བའི་དམ་བཅའ་རུ་བཟུང་ནས་བཙུགས་ཡོད་སྟབས། རང་སྣང་གང་ཤར་དང་།དངུལ་དངོས་ལ་སྲེད་པའི་ཚོར་སྣང་ཕྲན་ཚེགས་རེའི་རྗེས་སུ་སོང་ནས་ཞིང་ས་དང་། ཁང་ས་རང་དབང་མེད་བཞིན་དུ་གཞན་ལ་བཙོངས་པ་ནི།ལས་འབྲས་ཆོས་ཉིད་དང་རྩ་བ་ནས་མི་མཐུན་པ་ཞིག་རེད། དམིགས་བཀར་ལ་དྭགས་ལ་མཚོན་ན། དུས་རབས་ཉི་ཤུའི་སྨད་ཙམ་ལ་གཞིས་ཆགས་ཀྱི་ཐོག་མའི་མི་རབས་རྒན་པ་བཀའ་དྲིན་ཅན་ཚོས་རང་ཉིད་ཀྱི་འཚོ་བའི་གནས་བབ་སྐྱ་ཟད་སྔོ་སྡུག་ཡིན་ནའང་། ཉིན་གྱི་ལས་དང་། མཚན་གྱི་གཉིད་ཡན་བེད་སྤྱད་ནས་བཟོས་པའི་ཞིང་ཁང་རྣམས་ནི། ཁོང་ཚོའི་མཚན་ཐོག་ལ་བྱུང་བའི་གཞིས་ཆགས་ཀྱི་ས་ཆ་གཅིག་ཁོ་ན་དེ་ཡིན།  ས་ཆ་དེ་དག་གི་བདག་པོ་དངོས་ནི་ཁོང་ཚོ་ཡིན་ནའང་། ད་ལྟ་ཁོང་ཚོ་ཕལ་ཆེ་བ་ལྔ་ལམ་དུ་གཤེགས་ཟིན་པ་དང་། རེ་འགའ་ཡོད་པ་དེ་དག་ནི་ན་རྒས་རྫི་ལྡིབ་པའི་རྒན་རྒོན་རྐྱང་རྐྱང་ཡིན། མ་འོངས་པར་རྒྱ་གར་གཞུང་གི་ས་ཁང་སྒྲིག་གཞི་བཞིན་ཁྲིམས་ཐོག་ལ་བསྐྱོད་དགོས་ཤར་ཚེ།བྱས་ཉེས་ཅི་ཡང་མེད་པའི་མི་རབས་རྒན་པ་དེ་དག་ཁ་རྡུང་གཏང་སའི་གཞིར་འགྱུར་ཉེན་ཆེ་བ་མ་ཟད།  ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་མཚན་གནས་རྗེས་འབྲེལ་གྱི་ལས་ཁུངས་སམ་གཞིས་ཆགས་ལས་ཁུངས་ཤིག་ཡོད་པ་དེ་ཡང་མ་འོངས་པར་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་མི་སྲིད་པ་མི་འདུག་པས། ངས་རང་རེའི་གཞུང་སྒེར་མཐའ་དག་གིས་སྐྱོན་མ་ཡོང་གོང་གི་དོགས་པ་དང་། ཆུ་མ་ཡོང་གོང་ལ་ཆུ་རགས་གི་གྲ་སྒྲིག་དགོས་པ་གསོལ་འདེབས་ཞུ་ཡི་ཡོད།

དྲི་བ།  བོད་མིའི་སྒྲིག་འཛུགས་དང་གཞིས་མགོ་སོགས་ནས་སླད་ཕྱིན་ས་ཆ་མི་བཙོང་བའི་ལམ་སྟོན་དང་སྒྲིག་གཞི་དེ་འདྲ་བཟོས་ཡོད་པ་རེད་དམ།

ལན། ད་ལྟ་བར་རང་རེའི་དབུས་དང་ས་གནས་ཀྱི་སྒྲིག་འཛུགས་གང་ཡིན་ནའང་དེའི་ཐད་ཞལ་ནས་ཞལ་བརྒྱུད་དེ་ལམ་སྟོན་མང་པོ་གནང་གི་ཡོད་པ་བདག་གིས་ཤེས་ཀྱི་ཡོད་ཀྱང་། དེ་ལ་ཉན་དགོས་པའི་མི་མང་པོས་རྣ་རྒྱབ་ཀྱི་ལྷགས་རླུང་བཞིན་དོ་གལ་ཆེན་པོར་སེམས་མཁན་དང་གནང་མཁན་དཀོན་དཀོན་རེད། དེའི་ཐད་མགྱོགས་མྱུར་ཞིབ་འཇུག་དང་། ཁྲིམས་གཞི་ནན་མོ་སྤྱི་ལ་ཁྱབ་པ་ཞིག་ལག་བསྟར་དགོས་པ་སྣང་།

ད་ལྟ་གྲོང་སྡེ་གཅིག་གཉིས་ཤིག་ལ་ཞིང་ས་གཞན་ལ་བཙོང་མི་ཆོག་པའི་སྒྲིག་གཞི་ཡོད་འདུག་ཀྱང་། སྟབས་མ་ལེགས་པ་ཞིག་ལ་འབྲེལ་ཡོད་གྲོང་སྡེའི་ཞིང་ས་ས་སྟོང་ལ་ལྷག་པ་མང་པོ་ཞིག་ས་གནས་སྲིད་གཞུང་ནས་བསྡུ་ལེན་བྱས་ཏེ། ད་ལྟ་ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི་འགྲོ་མུས་སུ་འདུགཡིད་གཟབ་དང་གྲུང་པོ་བྱེད་དགོས་པ་ཞིག་ལ་གཞིས་གྲོང་ཁ་ཤས་ཀྱི་ནང་ལ་ལོ་ངོ་བཅུ་ཕྲག་གཉིས་ལྷག་ཙམ་དང་།ཁ་ཤས་དེ་ལས་མང་བའི་དུས་ཡུན་རིང་བདག་པོ་བྱེད་མཁན་མེད་པར་ས་སྟོང་དུ་ལྷག་བསྡད་པ་རྣམས་གཞིས་ཆགས་ལས་ཁུངས་ཀྱིས་གྲོང་སྡེ་སོ་སོར་ལམ་སྟོན་བྱས་ནས་ཕུགས་ལ་ཕན་པའི་ལས་གཞི་འཆར་འགོད་བྱེད་ཐུབ་ན་ཤིན་ཏུ་ཁེ་ཆེ་སྙམ།

དྲི་བ། ལ་དྭགས་ཁུལ་དུ་བོད་མིའི་ས་ཆ་བདག་མེད་ག་ཚོད་ཅིག་ལྷག་བསྡད་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ནས་གཞིས་ཆགས་ཀྱི་ས་ཁང་བདག་མེད་རྣམས་ཕྱིར་བསྡུ་ཡི་ཡོད་པ་མིན་ནམ།

ལན། བསོད་ནམས་གླིང་བོད་མིའི་ཁྲོད་ཀྱི་ཞིང་བདག་གི་གྲས་ནས་ཁྱིམ་ཚང་གནས་གཞན་དུ་ཕྱིན་ནས་ས་ཆ་བདག་མེད་དུ་ལྷག་པ་དེ་འདྲ་ཡོད་སྲིད་པ་རེད་དེ། ངས་གནས་ཚུལ་གསལ་པོ་ཞུ་ཐུབ་པ་ཞིག་ལ་ཞིང་སའི་བདག་པོ་དངོས་དེ་དེང་སང་རྒན་འཁོགས་ཆགས་ནས་རྒན་གསོ་ཁང་དུ་ཡོད་ནའང་། ཁོང་ཚོར་བདག་པའི་ཞིང་ས་རྣམས་གཞན་གྱིས་བདག་བྱས་ནས་ཆ་ཤས་རེ་གཞན་ལ་བཙོངས་པ་དེ་འདྲ་བྱུང་འདུག

བསོད་ནམས་གླིང་གཞིས་ཆགས་ཀྱི་ས་ཁང་སྟོང་པ་དང་། བདག་ཉར་གནང་མཁན་མེད་པ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བདག་ཉར་ཕྱིར་བསྡུ་སོགས་བྱེད་ཀྱི་ཡོད་པ་ཡིན་ནམ་ཞེ་ན།  གྲོང་སྡེ་གཞན་དང་གཞན་ལ་ཡོད་མེད་གསལ་པོ་མི་ཤེས། འབྲེལ་ཆགས་ང་ཚོའི་གྲོང་སྡེ་ལྟ་བུར་མཚོན་ན་མེད་པ་ལྟ་བུ་ཞིག་རེད། བདག་ལ་དོགས་གནས་གཞན་ཞིག་ཡོད་པ་ནི།ལ་དྭགས་ཁུལ་གྱི་ཁང་ས་དང་ཞིང་སའི་སྟེང་ལ་འཕྲད་བཞིན་པའི་དཀའ་ངལ་གཅིག་གཅིག་གཉིས་གཉིས་གང་ཡོད་ཐམས་ཅད་དབུས་ལ་སྙན་སེང་ཇི་བཞིན་ཞུ་ཐུབ་ཀྱི་ཡོད་མེད་དོགས་པའི་གནས་སུ་གདའ།

དྲི་བ། ཁྱེད་རང་གིས་བསམ་ན་བོད་མི་ཚོས་ས་ཆ་བཙོང་དགོས་པའི་གནད་དོན་གཙོ་བོ་གང་ལ་ཐུག་ཡོད་པ་དང་། མ་འོངས་པར་མཚམས་འཇོག་ཡོང་ཐབས་ག་རེ་འདུག་བསམ་གྱི་འདུག

ལན། ས་ཆ་བཙོང་དགོས་པའི་གནད་དོན་གཙོ་བོ་གང་ལ་ཐུག་གི་ཡོད་དམ་ཞེ་ན། གཙོ་བོ་གཅིག་ནི་ཞིང་སར་སོ་ནམ་འདེབས་ལས་ཐད་དཔལ་འབྱོར་གྱི་ཁེ་ཕན་དེ་ཙམ་མཁོ་སྒྲུབ་ཐུབ་ཀྱི་མེད་པ་དེ་རེད། གཉིས་ནས་དེང་སང་འཚར་ལོངས་བྱེད་བཞིན་པའི་གཞིས་ཆགས་ཀྱི་མི་རབས་གསར་པ་མང་པོས་མི་རབས་གོང་མའི་དཀའ་སྤྱད་སྙིང་རུས་རྒྱུན་སྐྱོང་མེད་པར་བྱ་བ་སླ་བཅོས་དང་། ཕྲན་ཚེགས་ལ་མགོ་བོ་འཁོར་དྲགས་པས། ཕུགས་ཀྱི་ཁེ་ཕན་ལ་ལྷོད་གཡེང་མི་མངོན་ས་ནས་འགྲོ་ཡི་ཡོད་པ་ལ་ཐུག་འདུག་སྙམ། ཡང་མང་པོས་འཚོ་གནས་ཀྱི་གནས་བབ་སྟེང་དཀའ་ངལ་ཕྲད་ནས་དེ་ལྟར་བྱས་པའི་འགྲེལ་བརྗོད་བྱེད་ཀྱི་འདུག དེ་ལ་བདེན་ཆ་ཅི་ཙམ་ཡོད་མེད་ཐེ་ཚོམ་ཆེན་པོ་ཡོད།གང་ལགས་ཤེ་ན། དེང་སང་རང་རེའི་སྤྱི་ཚོགས་ཁྲོད་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འོག་དེ་ལྟའི་དཀའ་ངལ་ཡོད་ན་འཕྲལ་མ་ཉིད་དུ་རོགས་སྐྱོར་བྱེད་ལམ་ཡོད་པ་ཙམ་དུ་མ་ཟད། སྤུན་ཟླ་ནང་ཕན་ཚུན་དབར་ལའང་རོགས་སྐྱོར་གྱི་ལམ་སྲོལ་ཡོད་མུས་རེད། ད་དུང་ལ་དྭགས་ཀྱི་གཞིས་ཆགས་ལྟ་བུར་མཚོན་ན། ན་གཞོན་བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་སློབ་ཡོན་ཐད། ཕ་མ་ཚོས་དངུལ་སྒོར་སྐར་ཟུར་གཅིག་ཀྱང་སྤྲོད་མི་དགོས་པར་རིན་མེད་མཐུན་རྐྱེན་རག་གི་ཡོད། དེ་ནི་གཞིས་ཆགས་གཞན་གང་ལའང་མེད་པའི་དམིགས་བསལ་གྱི་མཐུན་རྐྱེན་སྤྱི་བའི་ཚོགས་སྡེ་ནས་སྦྱོར་སྤྲོད་བྱས་དང་བྱེད་བཞིན་པ་ཞིག་རེད།

མ་འོངས་པར་གང་ཞིག་ལ་འཕྲད་སྲིད་པའི་དཀའ་ངལ་ནི། ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་མཚན་གནས་རྗེས་འབྲེལ་གྱི་ལས་ཁུངས་སམ་ཡང་ན། བསོད་ནམས་གླིང་གཞིས་ཆགས་ཀྱི་ལས་ཁུངས་དང་། དབུས་བོད་མིའི་སྒྲིག་འཛུགས་གཉིས་ལ་དཀའ་ངལ་འཕྲད་སྲིད་པ་ཞིག་ལ་སྣང་གི་འདུག དེ་ཡང་མང་པོས་མགོ་བདེ་དྲན་འཕྲུལ་བྱས་ནས་རང་གིས་བཙོངས་པའི་ས་ཆ་དག་ནི། འདས་ཟིན་པ་དང་འཆི་བ་ལ་མངོན་དུ་ཕྱོགས་པའི་རྒན་རྒོན་ཏེ། རང་གི་ཕ་མ་ཉེ་འབྲེལ་སོགས་ཀྱི་མཚན་ཐོག་ལ་ཡོད་པའི་ས་ཆ་རྐྱང་རྐྱང་བཙོངས་པ་ལས་འཚོང་མཁན་དོ་བདག་རང་གི་མཚན་ཐོག་གི་ས་ཆ་ད་ལྟ་བར་བཙོང་བ་བྱུང་མེད་པས། ཁོང་ཚོས་བྱས་ཉེས་བསགས་ཀྱང་ཁྲིམས་ཐོག་ནས་དགར་ས་དང་བཙིར་ས་བརྙེད་རྒྱུ་ཞིག་མེད་པ་ལྟ་བུ་རེད། དེས་ན་ཡུལ་ཁྲིམས་ཀྱིས་འབྲེལ་བ་བྱ་ས་གཅིག་ཁོ་ན་ཞིག་ཡོད་པ་ནི།  གོང་ལ་བརྗོད་པའི་ལས་ཁུངས་དེ་གཉིས་ཡིན།

དེར་བརྟེན་ད་ལྟ་ནས་ཕུགས་སུ་ཕན་པའི་གཞིས་ཆགས་ཀྱི་ཁང་ས་དང་། ཞིང་སར་ཡུལ་ཁྲིམས་དང་མཐུན་པའི་ས་ཐོབ་ལག་འཛིན་བཟོ་རྒྱུ། འཕྲལ་དུ་གཞིས་ཆགས་ཀྱི་ལས་ཁུངས་དང་། གྲོང་སྡེ་སོ་སོའི་མགོ་དམངས་སྤྱི་ནས་ཞིང་ས་ལོ་ཡི་བགྲང་བྱ་དུ་མའི་རིང་འབད་མེད་སྟོང་པར་ལྷག་ནས་ཡོད་པ་རྣམས་ལ་རྭ་བསྐོར་ནས་དུས་ནས་དུས་སུ་ལྟ་རྟོག་དང་། ཕྱིར་བསྡུ་གང་འོས་བྱེད་དགོས་པའི་དུས་ལ་སླེབས་འདུག་བསམ་གྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༣

Leave a Reply

One thought on “ལ་དྭགས་བོད་མིའི་ས་ཆ་བདག་པོ་ཡག་པོ་རྒྱག་པའི་དུས་ལ་བསླེབས་འདུག་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ལ་དགས་གཞིས་ཆགས་ཙམ་མ་ཡིན་པ་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་
    ཚང་མའི་ས་ཞིང་བདག་ཉར་སྐོར་ས་ཁང་གི་སྒྲིག་གཞི་དང་མཐུན་པའི་ཐོག་བདག་ཉར་
    བྱས་ཡོད་མེད་ལ་དབུས་ས་གཉིས་ནས་ཞིབ་འཇུག་དུས་ཐོག་གནང་མ་ཐུབ་ཚེ་ནམ་
    རི་ལུག་པ་ཐག་པས་མ་འདུས་པའི་དུས་ཚོད་མི་ཤར་བའི་ངེས་པ་མེད་ན་འབྲེལ་ཡོད་
    ཚང་མས་ཐུགས་བསམ་བཞེས་དགོས་པའི་དུས་ལ་བབ་འདུག་གོ་།