ང་ཕྱེད་ཀ་ནང་པའི་དགེ་སློང་དང་ཕྱེད་ཀ་ཚན་རིག་པ་ཡིན་ཟེར་གྱི་ཡོད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མ་འཇུག་པའི་གསུང་ཆོས་གནང་སྐབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཇི་ཙམ་གྱིས་རིག་པས་དཔྱད་ན་དེའི་ཚོད་ཀྱིས་ངེས་པ་ཆེ་རུ་ཆེ་རུ་འགྲོ་རྒྱུ་མ་གཏོགས་རིག་པས་དཔྱད་ན་ལན་དེ་ཙམ་རྒྱག་མ་ཐུབ་པ་དེ་འདྲ་ཁྱོན་ནས་ཡོད་མ་རེད་ཅེས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། དྷ་ས་བཞུགས་སྒར་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༩༠༠ ལྷག་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་མི་འདྲ་བ་ ༦༧ ནས་ཕེབས་པའི་ཆོས་ཞུ་བ་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༦༩༠༠ བརྒལ་བར་ཉིན་གྲངས་བཞིའི་རིང་ལོ་སྔོན་མར་གནང་བའི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་མཇུག་སྐྱོང་དབུ་འཛུགས་གནང་སོང་བ་དང་། གསུང་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐའེ་ཝན་ཆོས་ཞུ་བ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་འཚམ་འདྲི་དང་སྦྲག ཁོང་ཉིད་ཀྱིས་ཆོས་ཞུ་བ་ཚོར་ཁྱེད་རང་ཚོ་མང་པོ་ཞིག་དེ་སྔ་ནས་ངའི་ནང་ཆོས་ངོ་སྤྲོད་སོགས་ལ་ཐོས་མྱོང་མཁན་ཆགས་བསྡད་ཡོད་པ་རེད། ཡིན་ནའང་གསར་བ་དེ་འདྲ་འདིར་སླེབས་ཡོད་དུས་ངས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱས་ཏེ། ནང་ཆོས་ངོ་སྤྲད་དེ་ཤེས་ནས་དད་པ་ཐོབ་པ་བྱུང་ན་གཞི་ནས་ཆོས་ཉམས་ལེན་བྱས་པ་ཡིན་ན་བསམ་བློ་གཏོང་རྒྱུ་སོགས་ལ་ཕན་ཐོགས་ཡོད་པར་བཤད་བསྡད་ཡོད། དེ་བཞིན་དུ་དེ་རིང་འདིར་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་བཤད་ན་བསམ་བྱུང་། ཞེས་གསུངས་སོང་།

སངས་རྒྱས་ཀྱི་གསུང་ནང་དུ་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན་ཞེས་གསུང་ཡོད་པ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ན་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་དེ་དག་ཚང་མས་གཞན་ལ་གནོད་པ་མ་བྱེད། སེམས་པ་བཟང་པོ་བྱེད་དགོས་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ནས་སེམས་རྒྱུད་འདུལ་ཐབས་ཀྱི་སྐོར་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོར་གསོལ་བ་བཏབ་ནས་སེམས་རྒྱུད་འདུལ་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། དེའི་ཐོག་ནས་ཆོས་ལུགས་ཕན་ཚུན་བར་མི་འདྲ་བ་ཞིག་ཡོང་བསྡད་ཡོད་པ་རེད། དེ་མིན་གཞན་ལ་གནོད་པ་མ་བྱེད་ཀུན་ལ་ཕན་སེམས་སྐྱེས་ནས་གང་ཐུབ་ཀྱིས་གཞན་ལ་ཕན་ཐོགས་བྱེད་དགོས་པ་རེད་ཟེར་བ་དེ་ཆོས་ལུགས་ཚང་མས་གཅིག་པ་གཅིག་པ་རེད་འདུག དེ་ནས་རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་པ་དེ་མི་འདྲ་བ་ཆགས་བསྡད་འདུག སངས་རྒྱས་པའི་ཆོས་ཀྱི་ནང་རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་པ་འདུལ་སྟངས་ག་འདྲ་ཞིག་འདུལ་གྱི་ཡོད་པ་རེད་ཟེར་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་དཀྲུ་ཞིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མི་ནུས། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར་ཟེར་བ་ལྟར་དེ་མི་འདྲ་བ་ཆགས་ཀྱི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པ་པོའི་འདུ་ཤེས་བྱས་ཏེ་སེམས་ཅན་གྱི་སྡུག་བསྔལ་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེལ་ཐུབ་པ་མ་རེད། སྡུག་བསྔལ་གྱི་རྒྱུ་ལས་ཉོན་གྱི་གྲས་དེ་དག་ཆུ་ཡིས་དཀྲུ་རྒྱུ་ཡོད་པ་མ་རེད། བཅོམ་ལྡན་འདས་ཁོ་རང་ཉིད་ཀྱི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་ང་ཚོ་ལ་མར་གསོལ་རས་གནང་རྒྱུ་ཡོད་པ་མ་རེད། དེ་ལྟར་གསོལ་རས་གནང་རྒྱུ་ཞིག་ཡོད་ན་སྐྱིད་པ་ལ། བསྐལ་ཆེན་གྲངས་མེད་པའི་ཚོགས་ཁོ་རང་གིས་བསགས་ནས་རྟོགས་པའི་ཡོན་ཏན་རྙེད་པ་དེ་ང་ཚོས་དཀའ་ལས་གང་ཡང་བརྒྱབ་མི་དགོས་པར་མར་གསོལ་རས་གནང་ན་འགྲིག་གི་ཡོད་པ་རེད་ཨ། ཨོ་ན་ག་འདྲ་ཞིག་རེད་ཅེས་ན་ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར་ཞེས་པ་ལྟར། ཆོས་ཉིད་ཟེར་བ་དེ་ཡིན་གཅིག་སྟོང་ཉིད་རྐྱང་ལ་གོ་ཡི་མེད་པར། ཆོས་རྣམས་ཀྱི་ཡིན་ལུགས་དང་། ཆོས་ཉིད་པའི་ཡིན་ལུགས། ཇི་ལྟ་བུའི་ཡིན་ལུགས་ཡིན་ཞེས་བཤད་ཆགས་པ་རེད། གང་ལྟར་ཡིན་ལུགས་མར་བསྟན་པའི་ཐོག་ནས་སེམས་ཅན་ལ་ཕན་ཐོགས་མཛད་ཀྱི་ཡོད་རེད། ཅེས་གསུང་སོང་།
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་ཆོས་དེ་ཚན་རིག་དང་མཐུན་པ་ཡིན་པའི་སྐོར་ལ། གང་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་ང་ཁྱོད་རང་ཚོར་ཁ་མར་སློག་ནས་བཤད་སྡོད་མཁན་འདིས་དཀའ་ལས་བརྒྱབས་ནས། ལོ་མང་པོའི་རིང་ལ་བསམ་བློ་བཏང་ནས་ད་ལྟ་དངོས་སུ་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་འདིས་ཧ་ཅང་ཕན་གྱི་འདུག་མོད། ངས་ཁྱོད་རང་ཚོར་བཤད་བཞག་པ་དེ། རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།། ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།། འགྲོ་བའི་ཡིད་ཀྱི་མུན་པ་སེལ་བྱས་ནས།། རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག ། ཅེས་གསུང་པ་ནང་བཞིན་ངས་ཁྱོད་རང་ཚོར་བཤད་པ་དེ་དཔེ་ཆ་ནང་དུ་ཕར་ནས་ཅིག་གསིང་གི་འདུག་མར་ནས་ཅིག་གསུང་གི་འདུག་ཟེར་ནས་སྔ་མོའི་ལོ་རྒྱུས་ལ་སྣོན་པ་ཏོག་ཙམ་བརྒྱག་པ་དེ་འདྲའི་ངོས་ནས་བཤད་ཀྱི་མེད། གང་ལྟར་ངས་ནམ་རྒྱུན་འདི་འདྲ་བཤད་ཀྱི་ཡོད། ང་ཕྱེད་ཀ་ནང་པའི་དགེ་སློང་རེད། ཕྱེད་ཀ་ཚན་རིག་པ་ཡིན་ཟེར་གྱི་ཡོད། གང་ལྟར་རྒྱུ་མཚན་ལྡན་པའི་ཐོག་ནས་ར་འཕྲོད་པ་བྱུང་ན་མ་གཏོགས་ལུང་ལས་གསུང་པའི་ཕྱིར་ལབ་ན། ང་ཚོས་ནམ་རྒྱུན་ཆོས་རར་རྟགས་གསལ་གཏོང་བའི་སྐབས་སུ་ལུང་དྲངས་ན་ཞ་མོ་མར་ཕུད་དེ་གུས་ཞབས་ཆེན་པོའི་སྒོ་ནས་ཁྱབ་པ་མ་བྱུང་ཟེར་ལབ་ཆོག་གི་རེད་པ། དེར་བརྟེན་ལུང་ཙམ་ལ་བརྟེན་རྒྱུ་མི་འདུག རིག་པས་དཔྱད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་གསུངས་སོང་།

མཇུག་ཏུ་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་བྱེད་ཀྱི་ཡོད་པས་ཁོང་གིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་པའི་སྐོར་ཁོང་གིས། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཇི་ཙམ་གྱིས་རིག་པས་དཔྱད་ན་དེའི་ཚོད་ཀྱིས་ངེས་པ་ཆེ་རུ་ཆེ་རུ་འགྲོ་རྒྱུ་མ་གཏོགས། རིག་པས་དཔྱད་ན་ལན་དེ་ཙམ་རྒྱག་མ་ཐུབ་པ་དེ་འདྲ་ཁྱོན་ནས་ཡོད་མ་རེད། ཆོས་ལུགས་ཚང་མར་ངས་གུས་ཞབས་བྱེད་ཀྱི་ཡོད། མི་ལ་ཕན་གྱི་ཡོད་རེད། ལོ་སྟོང་ཕྲག་ལྷག་གི་རིང་ལ་མི་ལ་ཕན་ཐོགས་བྱས་ཡོད་རེད། དངོས་གནས་རྗེས་སུ་ཡི་རངས་བྱེད་རྒྱུ་རེད། བཅོམ་ལྡན་འདས་ཀྱིས་ཡིན་ན་ཡང་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་ཆོས་གསུང་གི་ཡོད་རེད། དེ་འདྲ་ཡིན་དུས་འཛམ་བུ་གླིང་འདིའི་སྒང་གི་ཆོས་ལུགས་མི་འདྲ་བ་རྣམས་ཀྱིས་མི་ལ་ཕན་གྱི་ཡོད་རེད། དེར་ང་ཚོས་གུས་ཞབས་བྱེད་དགོས་རེད། ངས་ནང་པ་ཡག་ཤོས་རེད་ཁྱོན་ནས་ཟེར་གྱི་མེད། ནང་པའི་ཆོས་སྤེལ་བར་ཁྱོན་ནས་འབད་བརྩོན་བྱེད་ཀྱི་མེད། ཡིན་ན་ཡང་། རྒྱུ་མཚན་ལ་བསམ་བློ་གཏོང་ཡོང་དུས་སྤྱིར་ནང་པ་སངས་རྒྱས་པའི་ཆོས། དེའི་ནང་ནས་ཐལ་འགྱུར་བའི་རིག་པའི་ཐོག་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དེ་དག་མར་བཤད་ཡོང་དུས་དངོས་གནས་དྲང་གནས་ཚན་རིག་པ་དང་མཐུན་བསྡད་པ་ཞིག་འདུག དེ་འདྲ་ཡིན་དུས་ནང་པའི་ཆོས་ལ་དོ་སྣང་ཧ་ཅང་ཡོད་མཁན་རྒྱའི་མཁས་པ་འགའ་ཤས་ཀྱིས་སངས་རྒྱས་པའི་ཆོས་ན་ལེནྡྲའི་ཆོས་བརྒྱུད་དེ་ཚན་རིག་དང་མཐུན་པའི་ཆོས་བརྒྱུད་རེད་ཟེར་གྱི་འདུག་ཨ། དེ་བདེན་པ་རེད་གདའ། ད་གང་ལྟར་ང་རང་གིས་ཀྱང་ལག་ལེན་བཀལ་ནས་ཁ་ཡོད་ལག་ཡོད་ཀྱི་སེམས་ལ་འགྱུར་བ་ཐེབས་ནས་ཆུ་ཚོད་༢༤ ནང་ལ་དངོས་གནས་དྲང་གནས་སེམས་ལ་ཞི་བདེ་ཡོང་བསྡད་པ་ཞིག་འདུག ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༣

Leave a Reply