བོད་ཀྱི་གནམ་ཐང་དམག་སྒར་དུ་བསྒྱུར་གྱི་འདུག

བོད་དང་རྒྱ་གར་ས་མཚམས་ཁུལ་གྱི་གནམ་ཐང་རྣམས་རྒྱ་ནག་གཞུང་གིས་དམག་འཐབ་གནམ་གྲུ་ཉར་འཇོག་བྱེད་ས་སོགས་དམག་སྒར་དུ་བསྒྱུར་བཞིན་ཡོད་འདུག

ཁ་སང་རྒྱ་གར་ཧིན་རྡུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མིང་བརྗོད་མེད་པའི་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་གསུམ་གྱིས། རྒྱ་ནག་གཞུང་གིས་ཐོག་མར་ལྷ་ས་གོང་དཀར་གནམ་ཐང་དེ་འགྲུལ་བ་སྐྱེལ་འདྲེན་ཆེད་ཡིན་སྐོར་བརྗོད་ནས་བཟོ་སྐྲུན་བྱས་ཡོད་ཀྱང་། ད་ལྟ་གནམ་ཐང་གི་ཉེ་འདབས་སུ་བྲག་ཕུག་བརྐོས་ཏེ་དམག་འཐབ་གནམ་གྲུ་ ༣༦ ཙམ་ཤོང་བའི་འགད་རྫས་འགོག་ནུས་ལྡན་པའི་དམག་སྒར་ཞིག་ཏུ་བསྒྱུར་ཡོད་སྐོར་བརྗོད་འདུག

བདེ་སྲུང་མི་སྣ་ཞིག་གིས་ཟིང་འཁྲུག་སྐབས་དམག་འཐབ་གནམ་གྲུ་ཐང་སྟོང་ལ་བཞག་ཚེ་གཏོར་རྒོལ་ཐེབས་ཆོག་ཆོག་ཡིན་པས།  ཟིང་འཁྲུག་འབྱུང་སྲིད་པའི་ཉེན་ཁ་ཞིག་མཐོང་ཡོད་པས་འགད་རྫས་འགོག་ནུས་ལྡན་པའི་འཇོག་ས་ཞིག་བཟོས་པ་རེད་ལ། དགོས་མཁོ་བྱུང་ཚེ་ཕྱིར་བཏོན་ནས་འཐབ་ཆོག་ཆོག་ཡིན་པ་རེད། ཅེས་བརྗོད་འདུག

ཡང་བདེ་སྲུང་མི་སྣ་གཞན་ཞིག་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ལ་ཨུ་རུ་སུ་དང་ས་མཚམས་ཤིག་ཏུ་འགད་རྫས་འགོག་ནུས་ལྡན་པའི་ས་འོག་མཁའ་གྲུ་འཇོག་ས་ཞིག་སྔ་མོ་ནས་བཟོས་ཡོད་ན་ཡང་། བོད་དང་རྒྱ་གར་ས་མཚམས་སུ་འདི་ལྟའི་ལས་གཞི་ཞིག་ཡོད་པ་ནི་རྒྱ་གཞུང་གི་ལངས་ཕྱོགས་གསར་པ་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ལྷ་ས་གནམ་ཐང་དང་རྒྱ་གར་གྱི་འབྲས་ལྗོངས་སུ་ཐག་ཉེ་པའི་གཞིས་ཀ་རྩེ་གནམ་ཐང་རྒྱ་བསྐྱེད་ཀྱིས་མེ་ཤུགས་འཕུར་མདེལ་ (Surface-to-Air Missile) གྱི་རྟེན་གཞི་ཞིག་ཏུ་བསྒྱུར་གྱིན་ཡོད་སྐོར་ཡང་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལམ་སྟོན་འགན་འཛིན་ (National Security Advisory Board) གྱི་ཚོགས་མི་ (S L Narasimhan) ལགས་ཀྱིས། རྒྱ་ནག་གིས་རྒྱལ་སྲུང་འཛུགས་སྐྲུན་ཡར་རྒྱས་གཏོང་བཞིན་པ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། རྒྱ་གར་གཞུང་གིས་ཀྱང་རང་ཉིད་ཀྱི་རྒྱལ་སྲུང་སྒྲིག་ཆས་ཡར་རྒྱས་བཏང་སྟེ་ཛ་དྲག་གི་གནས་སྐབས་སུ་གདོང་ལེན་ཐུབ་པ་ཞིག་བཟོས་དགོས་པ་རེད། ཅེས་བརྗོད་འདུག

ཁ་སང་རྒྱ་གར་གྱི་མཁའ་དམག་མགོ་གཙོ་མུར་ཤལ་བྷེ་སི་དྷ་ནོ་ (Marshal B S Dhanoa) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ང་ཚོའི་ཕྱོགས་སུའང་གྲ་སྒྲིག་འདང་ངེས་པ་ཞིག་བྱེད་བཞིན་ཡོད་ལ། ཁ་གཏད་གཅོག་པའི་འཆར་གཞི་ཡོད། ལ་དྭགས་དང་ཐོ་སེ་ (Thoise)། དེ་བཞིན་ཨ་ཊམ་པུར་ (Adampur) དང་ཧལ་ཝ་ར་ (Halwara)། ཨམ་བྷ་ལ་ (Ambala) དང་ཇན་དྷེ་གྷར་ (Chandigarh) སོགས་ཀྱི་དམག་སྒར་ལ་བལྟས་ན་ང་ཚོར་ཡང་དམག་ཆས་འདང་ངེས་ཤིག་ཡོད། ཅེས་བརྗོད་འདུག

རྒྱ་གར་གཞུང་གིས་འཛམ་གླིང་དམག་འཁྲུག་གཉིས་པའི་སྐབས་དབྱིན་གཞུང་གིས་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེ་ནང་གནས་སྐབས་སུ་རྒྱབ་པའི་གནམ་ཐང་ (Advanced Landing Grounds) ཝ་ལུང་ (Walong) དང་མ་ཆུ་ཁ་ (Mechuka)། ཊོ་ཊིན་ (Tuting) དང་བཱ་སེ་གྷ་ཐི་ (Pasighat)། ཛེ་རོ་ (Ziro) བཅས་ཀྱི་གནམ་ཐང་རྣམས་ལེགས་བཅོས་གཏོང་བཞིན་ཡོད་འདུག

ལྷ་ས་གོང་དཀར་གནམ་ཐང་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྤྱི་ལེ་ ༡༣༥༠ ཙམ་ཡོད་པ་དང་། བོད་མངའ་རིས་གནམ་ཐང་ཡང་དམག་དོན་དང་འགྲུལ་བ་སྐྱེལ་འདྲེན་གཉི་ཀའི་ཆེད་འཛུགས་སྐྲུན་བྱས་ཡོད་འདུག སྤྱིར་བཏང་བོད་རང་སྐྱོང་ལྗོངས་ནང་གནམ་ཐང་ལྔ་ཡོད་པ་ནི། ལྷ་སའི་གོང་དཀར་གནམ་ཐང་དང་ཉིང་ཁྲིའི་སྨན་ལིང་གནམ་ཐང། ཆབ་མདོའི་པན་ཌ་གནམ་ཐང། མངའ་རིས་གནམ་ཐང་། གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་བཅས་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༤

Leave a Reply

One thought on “བོད་ཀྱི་གནམ་ཐང་དམག་སྒར་དུ་བསྒྱུར་གྱི་འདུག

  1. བོད་པ་ཚང་ལྟོས་དང་། ངུ་དགོས་རེད། གད་དགོས་རེད། 🇨🇳 🇮🇳 ཁོ་རང་གཉིས་ཕ་ཚུར་སྐྱོན་བརྗོད་བཙུགས་རེ། བོད་དང་། བོད་ཆེན་པོ་གཉིས་ རྒྱ་དཀར་ནག་གཉིས་ཀྱི་དམག་ས་ལྟ་བུ་ཆགས་སྡད་ཡོད། ད་བོད་པ་ཚང་ཤེས་པར་གྱིས། ཧ ཧ ཧ།