བོད་ཀྱི་གནམ་གཤིས་གྲང་རྐྱེན་ཕྱི་རྒྱལ་བ་བོད་ནང་གཏོང་གི་མེད་ཟེར།

བོད་ནང་གནམ་གཤིས་ཧ་ཅང་གྲང་བ་དང་ཡུ་གུར་ནང་དྲག་སྤྱོད་པའི་ཉེན་ཁ་ཆེ་བའི་རྐྱེན་གྱིས་ཕྱི་རྒྱལ་བ་ཚོ་ཡུལ་དེ་གཉིས་ནང་འགྲོ་བར་ཚོད་འཛིན་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཁ་སང་ཨ་རིའི་(NPR)གསར་ཁང་གིས་ཨ་རིར་གནས་སྡོད་རྒྱ་ནག་གཞུང་ཚབ་པ་ཚེ་ཐིན་ཁེ་(Cui Tiankai)ལ་ཨ་རྒྱའི་ཚོང་འབྲེལ་རྩོད་རྙོག་གཙོས་གནད་དོན་ཁག་ཅིག་ཐོག་བཅར་འདྲི་བྱས་ཡོད་པ་དང་། སྐབས་དེར་གསར་འགོད་པས་རྒྱ་ནག་གིས་ཕྱི་རྒྱལ་གསར་འགོད་པ་དང་ཆེད་མཁས་པ་སོགས་བོད་ནང་དུ་མི་གཏོང་བའི་རྒྱུ་མཚན་ཅི་ཡིན་དྲིས་པར་ཚེ་ཐིན་ཁེ་ཡིས། བོད་ནི་ས་བབ་ཧ་ཅང་མཐོ་ཞིང་ནམ་ཟླ་གྲང་འཁྱག་ཆེ་བས་ཕྱི་རྒྱལ་བ་ཚོ་འགྲོ་འདུག་ལ་བདེ་འཇགས་མེད་པས་ཡིན་སྐོར་བརྗོད་འདུག

གསར་འགོད་པས་བསྐྱར་དུ་གནམ་གཤིས་ཀྱི་རྐྱེན་གྱིས་རེད་དམ། དེ་ན་ང་ཚོ་ཨ་རིའི་ནང་དུའང་ས་བབ་མཐོ་བོ་དང་གནམ་གཤིས་གྲང་འཁྱག་ཅན་ཡོད་པས་ཨ་རིའི་གསར་འགོད་པ་དང་ཆེད་མཁས་པ་དེ་དག་གིས་གནམ་གཤིས་ལ་གདོང་གཏོད་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་བཤད་པར་ཁོང་གིས། དེ་ཡག་པོ་རེད། ཡིན་ན་ཡང་ཚང་མ་དེ་ལྟ་བུའི་གནམ་གཤིས་ཀྱི་གནས་སྟངས་ལ་མགྱོགས་པོ་གོམས་ལོབས་འགྲོ་རྒྱུ་ཁག་པོ་རེད། མང་པོ་ཞིག་དེར་སླེབས་པ་དང་བདེ་བོ་མེད་པ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་ང་ཚོས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པས་ལོ་རེར་ཕྱི་རྒྱལ་ཡུལ་སྐོར་བའི་ཚད་བཀག་མ་བཟོས་ན། ཁོར་ཡུག་བདག་སྐྱོང་གི་ལས་ཀ་ལེགས་འགྲུབ་ཡོང་ཧ་ཅང་ཁག་པོ་རེད། ང་ཚོས་དེ་དག་ཚང་མར་དོ་འཁུར་བྱེད་ཀྱི་ཡོད་ལ། ཨ་རིའི་ལྟ་སྐོར་བ་ཚོ་ཡོང་ཆོག་པའང་བཟོ་ཡི་ཡིན། ངས་ཤེས་རྟོགས་བྱུང་བ་ཞིག་ལ་ལོ་ཤས་སྔོན་ཨ་རིའི་གཞུང་ཚབ་པས་བོད་ནང་ལ་སྐོར་སྐྱོད་བྱས་ཡོད་པ་དང་། ད་ལྟ་ང་ཚོས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཟུར་བ་སྐུ་ཞབས་བྷ་རེན་སི་ཊཱ་ཌི་(Branstad)བོད་ནང་ལ་འགྲོ་རྒྱུར་ལས་ཀ་བྱེད་བཞིན་པ་ཡིན། ཞེས་བརྗོད་འདུག

ཡང་གསར་འགོད་པས་སྐུ་ཞབས་བྷ་རེན་སི་ཊཱ་ཌི་ལགས་ཡུ་གུར་ནང་དུ་གཟིགས་སྐོར་ལ་འགྲོ་ཐུབ་ཀྱི་ཡོད་དམ་ཞེས་དྲིས་པར། དེ་ཐུབ་པ་མ་རེད། ཡུ་གུར་ནང་དུ་གནམ་གཤིས་ཀྱི་དཀའ་ངལ་མེད་ན་ཡང་དྲག་སྤྱོད་པའི་དཀའ་ངལ་ཆེན་པོ་ཡོད་པ་རེད། ས་ཆ་དེ་གཉིས་མ་གཏོགས་རྒྱ་ནག་གི་ས་ཆ་ཚང་མ་འཛམ་གླིང་ཡོངས་ལ་སྒོ་ཕྱེ་ནས་ཡོད་པ་རེད། ཡུ་གུར་ས་ཁུལ་ནི་དམིགས་བསལ་གྱི་དཀའ་ངལ་ནང་དུ་ཡོད་པ་མ་ཟད། ཐལ་སྤྱོད་རིང་ལུགས་པ་ཚོས་ཁུལ་དེའི་གནས་སྟངས་(ISIS)ཁ་ཆེ་དྲག་སྤྱོད་ཚོགས་པའི་ས་ཆ་ལྟ་བུ་ཞིག་ཏུ་བཟོ་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

ཡང་གསར་འགོད་པས་ཡུ་གུར་ནང་དུ་ཡུལ་མི་སྟོང་ཕྲག་མང་པོ་སློབ་གསོ་བསྒྱུར་བཀོད་ཁང་ཞེས་པའི་ནང་བཅུག་བཞིན་ཡོད་པའི་སྐོར་དྲིས་པར། ཡུལ་མི་ཚོར་སློབ་གསོ་ཁང་ནས་དེང་དུས་ཀྱི་འཕྲུལ་ཆས་སྐོར་གྱི་ཤེས་ཡོན་ལག་རྩལ་སྤྲོད་བཞིན་ཡོད་པ་དང་། དེ་ཡིས་ཁོ་ཚོའི་མི་ཚེ་སྔར་ལས་དོན་སྙིང་ལྡན་པ་བཟོ་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བོད་དང་ཡུ་གུར་ནང་ཕྱི་རྒྱལ་ཡུལ་སྐོར་བ་འགྲོ་སྐྱོད་བྱེད་པར་དམ་དྲག་སྔར་ལས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། གསར་འགོད་པའི་རིགས་གཏན་ནས་གཏོང་གི་མེད་པ་མ་ཟད། ཉེ་བའི་ཆར་པེ་ཅིང་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་ཞིག་གི་རྒྱ་ནག་ནང་འཛུལ་ཆོག་པའི་ཕྱི་སྐྱོད་ལག་འཁྱེར་རྩིས་མེད་དང་ཕྱིར་བསྡུ་བྱས་ཡོད་པ་རེད། ཨ་རིའི་(Buzz Feed)གསར་ཁང་གི་གསར་འགོད་པ་ཞིག་གིས་ཡུ་གུར་སྐོར་ལ་གསར་འགྱུར་ཞིག་སྤེལ་བའི་རྐྱེན་གྱིས་ཁོང་གི་ཕྱི་སྐྱོད་ལག་འཁྱེར་དུས་འགྱངས་བྱེད་དུ་བཅུག་མེད་པ་དང་། གཞན་ལོ་སྔོན་མར་ཁཱ་ནཱ་ཊའི་(Globe and Mail)ཞེས་པའི་གསར་འགོད་པས་ཡུ་གུར་སྐོར་ལ་གསར་འགྱུར་སྤེལ་ཐབས་བྱས་རྐྱེན་ཡུན་རིང་བཙོན་བཅུག་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་དུ་གསར་འགོད་པ་གཏོང་རྒྱུར་དེ་སྔོན་ལས་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ད་ལོའི་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་གི་སྙན་ཐོའི་ནང་གསར་འགོད་རང་དབང་གི་གནས་བབ་སྡུག་ཤོས་ནང་བཅུག་པ་མ་ཟད། བོད་དང་ཡུ་གུར་གཙོའི་གྲངས་ཉུང་མི་རིགས་ཁག་གི་ནང་གསར་འགོད་པ་འགྲོ་སྐྱོད་བྱེད་པར་བཀག་སྡོམ་གྱིས་ཡུལ་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་མཚམས་འཇོག་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

ཐེངས་འདིའི་རྒྱ་ནག་གཞུང་ཚབ་པའི་དྲིས་ལན་སྐོར་ལ་དོགས་སློང་མང་པོ་ཡོང་གི་ཡོད་པ་དང་། ཧྲང་ཧེ་བ་ཞེས་པའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་གནམ་གཤིས་གྲང་བའི་རྐྱེན་གྱིས་བོད་ནང་ཕྱི་རྒྱལ་ལྟ་སྐོར་བ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད་ན། རྒྱ་མི་ཚོ་བོད་ནང་འགྲོ་བར་མཐོ་སྒང་གི་གནམ་གཤིས་ཀྱིས་ཅི་ཡང་བྱེད་ཀྱི་མེད་པ་ཡིན་ནམ། ཕྱི་ལོ ༢༠༠༨ ལོ་ནས་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ཡར་ལངས་རྒྱུན་ཆད་མེད་པ་དང་། ཕྱི་ལོ ༢༠༠༩ ལོ་ནས་བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་བསྟུན་མར་སྤེལ་བ་ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ལྟ་སྐོར་བ་ཚོ་བོད་ནང་འཛུལ་བར་དམ་དྲག་དང་། བོད་ནང་ལྟ་སྐོར་དུ་ཡོང་བའི་ཕྱི་རྒྱལ་བ་ཚོ་ཚོགས་ཆུང་བྱས་ཏེ་རྒྱ་ནག་གཞུང་གི་གོ་སྒྲིག་འོག་སྣེ་ཤན་པས་འཁྲིད་ན་མ་གཏོགས་གཅིག་པུར་གཏོང་གི་མེད་ལ། གསར་འགོད་པ་དང་ཆེད་ལས་རྟོག་ཞིབ་རིགས་ནི་བོད་ནང་གཏན་ནས་འགྲོ་ཐབས་མེད་པ་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༥

Leave a Reply

2 thoughts on “བོད་ཀྱི་གནམ་གཤིས་གྲང་རྐྱེན་ཕྱི་རྒྱལ་བ་བོད་ནང་གཏོང་གི་མེད་ཟེར།

  1. རྒྱ་དམར་སྐྱག་རྗུན་རིང་ལུགས་པར་ནམ་ཡང་ཡིད་ཆེ་མེད་པ་དང། སྐྱོན་དྲང་པོ་ནང་སྦས་ཕྱི་ལ་དངོས་བདེན་མ་བཤད་པ་
    ནི་ཐོག་མ་མ་རེད། རྒྱུན་དུ་ནས་ཡོད་བཞིན་པ་འཛམ་གླིང་ཡོངས་ནས་ཤེས་བཞིན་པ་རེད།

  2. ཁ་སང་ཨ་རིའི་གནས་སྡོད་རྒྱ་དམར་གཞུང་ཚབ་པའི་ ཚེ་ཐིན་ཀེའི་ ཟེར་བ་ཞིག་གི་་་ གསར་དགོས་པ་ལ་་་ བོད་ཀྱི་གནམ་གཤིས་གྲང་རྐྱེན་ཕྱི་རྒྱལ་བ་བོད་ནང་གཏོང་གི་མེད་ཟེར། ཧ ཧ ཧ 🤣 🤣🤣 ཅོ་དཀོན་མཆོག་སྒྲིག་ཀ་མི། ཧམ་པ་དང་། སྐྱག་རྫུན་ལ་ཐོག་པ་མེད་པ་བྱང་ཆུབ་པ་རེད་འདུག་ག ཨ་རི་ལ་ཐུབ་ཚོད་རྗེན་པ་བཏང་འདུག་ག 😂😂😂 བོད་དང་ཤིན་ཅང་སོགས་ལ་ཡིན་ད་ཡིན། 😅 རྒྱ་དམར་གི་བོད་ལ་ མི་དང་། དུད་འགྲོ་སེམས་ཅན། འཁོར་ཡུག་སོགས་གཏོར་ཤིག་གཏོང་མཁན་ བོད་ལ་གནས་ཐུབ་ས་ལ་ བོད་ལས་གནམ་ཤིས་གྲང་ངར་ཆེ་བའི་ ཕྱིའི་རྒྱལ་ཁབ་ གསར་དགོས་པ་ཚོ་ བོད་ལ་ ཏག་ཏག་མ་སྒྲིག་པ་ གང་ཡིན་ནམ་ ? ཤིན་ཅང་ལ་ ISIS འཇིག་སྐུལ་རིང་ལུགས་ཀྱི་ཉན་ཁ་ཡོད་རེད་དོག་དོག བོད་དང་ཤིན་ཅང་སོགས་ལ་དྲག་སྤྱོད་པ་རྒྱ་དམར་ཁོ་རང་ཚོ 🤪 འ་ཛི། ང་ཚོའི་ལས་ངན། 😢