བཙན་གཡེམ་འགོག་རྒོལ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ།

བཙན་གཡེམ་མནར་གཅོད་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་ཨེ་རག་གི་བུད་མེད་ནཱ་ཌི་ཡ་མོ་ར་ཌི་དང་བཙན་གཡེམ་བརྙས་བཅོས་ཕོག་མཁན་བུད་མེད་ལ་སྨན་བཅོས་ལྟ་སྐྱོང་གནང་མཁན་སྨན་པ་ཌེ་ནི་སི་མོ་ཀེ་ཇི་གཉིས་ལ་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་འདུགདེ་རིང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་མཚན་གཞུང་ཡོངས་བསྒྲགས་གནང་ཡོད་པ་དང་། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཨེ་རག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། བཙན་གཡེམ་མནར་གཅོད་འགོག་རྒོལ་བ་ཨེ་རག་གི་བུད་མེད་ནཱ་ཌི་ཡ་མོ་ར་ཌི་(Nadia Murad)ལགས་དང་། ཨ་ཧྥེ་རུ་ཁའི་ཀོན་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གཡེམ་མནར་གཅོད་ཐེབས་པའི་བུད་མེད་ཚོར་དམིགས་བསལ་སྨན་བཅོས་ལྟ་སྐྱོང་གནང་མཁན་སྨན་པ་ཌེ་ནི་སི་མོ་ཀི་ཇི་(Denis Mukwege)གཉིས་ལ་ཐོབ་པ་གསལ་བསྒྲགས་གནང་ཡོད་པ་དང་། ད་ལོར་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ནང་མི་སྒེར་དང་ཚོགས་སྡེ་ཁྱོན་ ༣༣༡ ཙམ་བྱུང་ཡོད་འདུག

རང་ལོ་ ༢༥ ཡིན་པའི་བུད་མེད་ནཱ་ཌི་ཡ་མོ་ར་ཌི (Nadia Murad) ལགས་ནི་ཕྱི་ལོ་ ༡༩༩༣ ལོར་ཨེ་རག་(Iraq)གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་ད་ལྟ་འཇར་མན་ནང་གནས་སྡོད་བྱེད་ཀྱི་ཡོད་འདུག  མོ་རང་ལོ་ན་ ༡༩ ལ་སོན་སྐབས་ཏེ་ཕྱི་ལོ་ ༢༠༡༤ ལོར་ཁ་ཆེ་དྲག་སྤྱོད་པས་གྲོང་སྡེ་དེའི་མཐའ་བསྐོར་ནས་ཡུལ་མི་ ༦༠༠ དམར་གསོད་བཏང་བ་དང་། བུ་མོ་གཞོན་ནུ་མ་རྣམས་འཛིན་བཟུང་བཙན་འཁྲིད་བྱས་སྐབས་ནཱ་ཌི་ཡ་མོ་ར་ཌི་དང་མོའི་སྤུན་མཆེད་ ༦ ཀྱང་བཙན་འཁྲིད་བྱས་ཏེ་བཙན་གཡེམ་མནར་གཅོད་ཚད་མེད་མྱངས་རྗེས། ལོ་དེའི་ཕྱི་ཟླ་ ༡༡ པའི་ནང་མོ་རང་དྲག་སྤྱོད་པའི་ལག་ནས་བྲོས་བྱོལ་དུ་ཕྱིན། རྗེས་སུ་ནཱ་ཌི་ཡ་མོ་ར་ཌི་ལགས་ཀྱིས་འཛམ་གླིང་གང་སར་བྱུང་བཞིན་པའི་དམག་འཁྲུག་ཁྲོད་དམག་མི་དང་དྲག་སྤྱོད་པས་བཙན་གཡེམ་བརྙས་བཅོས་ཕོག་མཁན་དང་། བཙན་གཡེམ་འཁྲིག་སྤྱོད་ཆེད་གཡོ་འཚོང་བྱས་པའི་བུད་མེད་རྣམས་ཀྱི་ཚབ་ཏེ། བཙན་གཡེམ་ཆགས་སྤྱོད་རིགས་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་སྟབས། ཕྱི་ལོ་ ༢༠༡༦ ལོར་མོ་ལ་ཡུ་རོབ་སྤྱི་མཐུན་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གཟེངས་རྟགས་ (Vaclav Havel Human Rights Prize) ཐོབ་ཡོད་འདུག

སྐུ་ཞབས་ཌེ་ནི་སི་མོ་ཀི་ཇི(Denis Mukwege)ལགས་ནི་ཕྱི་ལོ་ ༡༩༥༥ ལོར་ཨ་ཧྥེ་རི་ཁ་དཀྱིལ་མའི་ཀོན་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ནང་སྐྱེས་ཡོད་པ་དང་། ཁོང་གིས་ཡུལ་དེའི་ནང་བྱིས་པ་སྐྱེས་སྐབས་ཆེད་ལས་སྨན་པ་མེད་པའི་དཀའ་ངལ་མང་པོ་ཤེས་རྟོགས་བྱུང་རྗེས་སྨན་ལ་སློབ་སྦྱོང་གནང་ཡོད་པ་དང་། ཕྱིས་སུ་ཁོང་བུད་མེད་ཀྱི་སྨན་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་དམག་འཁྲུག་ཁྲོད་ལུས་པའི་ཀོན་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ (DR Congo) ཀྱི་ཤར་ཕྱོགས་སུ་ཁོང་དང་ཁོང་གི་ཕྱག་རོགས་ཚོས་སྨན་ཁང་ཞིག་ཆེད་འཛུགས་བྱས་ཏེ། དམག་འཁྲུག་ཁྲོད་ཀྱི་རྨས་མ་རྣམས་ལ་སྨན་བཅོས་བྱས་ཡོད་པ་དང་། ལྷག་པར་དུ་བཙན་གཡེམ་བརྙས་བཅོས་ཕོག་པའི་མི་ཁྲི་ ༣ ཙམ་ལ་སྨན་བཅོས་རོགས་རམ་གནང་ཡོད་སྟབས། ཕྱི་ལོ་ ༢༠༠༨ ལོར་ཁོང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གཟེངས་རྟགས་དང་ཕྱི་ལོ་ ༢༠༠༩ ལོར་ཨ་ཧྥེ་རི་ཁའི་གཟེངས་ཐོན་མི་སྣར་བདམས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༥

Leave a Reply