སྲིད་བྱུས་བཟང་བོའི་དགོངས་དོན་ཤེས་རྟོགས་ཡོང་བ་བྱོས།

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་པ་ཁག་གི་གྲྭ་བཙུན་ཚོར་མེས་རྒྱལ་གྱི་བཀའ་དྲིན་ནམ་ཡང་བརྗེད་མེད་སེམས་ཀྱི་དྲོད་འཁོལ་ལྟར་ཉར་དགོས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་གྱི་འདུག

རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་ཀྱི་དགོན་པ་ཁག་གི་ནང་རྒྱ་ནག་གཞུང་གིས་བཙན་གྱིས་སྲིད་འཛིན་ཞི་ཅིན་ཕིན་གྱི་དགོངས་དོན་དང་། ཁུལ་དང་རྫོང་རིམ་པའི་གྲོས་ཚོགས་ཀྱི་དགོངས་དོན་ཟེར་བའི་མིང་བྱང་འོག རྒྱ་ནག་གི་སྲིད་བྱུས་བཟང་བོའི་འོག་ནས་ཆོས་ལུགས་བྱེད་སྒོ་ཏང་གི་སྲིད་བྱུས་དང་མི་འགལ་བ་དང་། མེས་རྒྱལ་གྱི་བཀའ་དྲིན་དེ་ནམ་ཡང་བརྗེད་མེད་སེམས་ཀྱི་དྲོད་འཁོལ་ལྟར་ཉར་དགོས་པའི་ཡིག་ཆ་འགྲེམས་སྤེལ་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་ཅིག་ལ་གནས་ཚུལ་དེའི་སྐོར་དྲིས་པར། ང་ཚོའི་དགོན་པར་མཚོན་ན་ད་ལོའི་ཕྱི་ཟླ་ ༦ ནང་ནས་དེ་འདྲ་ཞིག་སྤེལ་སོང་། གཙོ་བོ་ཏང་གི་བཀའ་དྲིན་ལ་བསམ་ཤེས་དགོས་པ་དང་ཞི་ཅིན་ཕིན་གྱི་སྐད་ཆ་ལ་སློབ་སྦྱོང་བྱས་ཏེ་སྲིད་བྱུས་བཟང་བོའི་དགོངས་དོན་ཤེས་རྟོགས་ཡོང་བ་དགོས་པའི་ཡིག་ཆ་འགྲེམས་སྤེལ་དང་གཏམ་བཤད་འདྲ་བྱས་སོང་། སྤྱིར་ན་འདིའི་རིགས་བཤད་རྒྱུར་སྟབས་བདེ་བོ་ཁྱོན་ནས་མི་འདུག་མ་གཏོགས། འདིའི་རིགས་ཀྱི་དཀའ་ངལ་མང་པོ་ཞིག་དགོན་གྲོང་མེད་པར་བཟོ་ཡི་ཡོད་པ་རེད། ཅེས་བརྗོད་བྱུང་།

མཛོད་དགེ་ཨ་སྐྱིད་རོང་བྱང་ཚང་དགོན་པར་སྤེལ་བའི་ལས་འགུལ་སྐབས། ལས་མི་ཞིག་གིས་ང་རང་ཐེངས་འདིར་མཛོད་དགེ་རྫོང་གི་ཕྱོགས་སོ་སོའི་དགོན་པ་ཁག་གི་ནང་སོང་ནས་གྲྭ་བཙུན་རྣམས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་། སྲིད་འཛིན་ཞི་ཅིན་ཕིན་སི་ཁྲོན་དུ་ཕེབས་སྐབས་ཀྱི་གལ་ཆེའི་དགོངས་དོན་མཐའ་་དག་གཅིག་ཀྱང་མ་ལུས་པ་བྱས་ཏེ་སྤེལ་ཐུབ་པ་བྱུང་བས། སྲིད་འཛིན་གྱི་གཏམ་བཤད་དང་ཏང་གི་སྲིད་བྱུས་ཀྱིས་མི་སེམས་རབ་ཏུ་སྒུལ་ཐུབ་པ་བྱུང་སོང་། ཞེས་བརྗོད་འདུག

ལོ་མང་རིང་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་པ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཞིག་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། དྲིལ་བསྒྲགས་བྱ་འགུལ་དེར་འདོད་མོས་མེད་པའི་དགོན་སྡེ་དང་གྲྭ་བཙུན་མང་པོར་སྲིད་གཞུང་གི་བཀའ་མངགས་དང་ལེན་མ་བྱས་ཚེ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པའི་སྡིགས་ར་བསྐུལ་བ་དང་སྦྲགས། བཙན་དབང་གིས་དྲིལ་བསྒྲགས་ཚོགས་འདུ་བསྡུ་ཡི་ཡོད་པ་མ་ཟད། གོང་རིམ་གྱི་བཀའ་དང་ལེན་མ་བྱས་པ་དང་རྒྱབ་འགལ་བྱས་པའི་ཉེས་མིང་འོག་གྲྭ་བཙུན་མང་པོ་ཞིག་ལ་འདྲི་རྩད་བཀག་ཉར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཡང་ཉེ་བའི་ལོ་ཤས་ནང་བོད་ཁུལ་གྱི་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་ཡག་པོ་བྱེད་མཁན་དུ་ངོས་འཛིན་བྱས་ཏེ། དགོན་པའི་གནད་ཡོད་མི་སྣ་མང་པོར་རྒྱལ་གཅེས་ཆོས་གཅེས་ཀྱི་ལག་འཁྱེར་ཟེར་བ་ཞིག་ཀྱང་སྤྲད་ཡོད་པ་རེད། དེ་བཞིན་སི་ཁྲོན་ཞིང་ཆེན་ནང་གཅིག་པུར་བླ་སྦྲུལ་ ༢༥ ལ་རྒྱལ་གཅེས་ཆོས་གཅེས་དང་སྲིད་གཞུང་གི་ངོས་ལེན་ཡོད་པའི་བླ་སྤྲུལ་གྱི་ལག་འཁྱེར་ཟེར་བ་དེ་སྤྲད་ཡོད་པ་དང་། གལ་སྲིད་བླ་སྤྲུལ་དེ་ཚོས་ཁ་བྲལ་ལ་རྒྱབ་སྐྱོར་བྱས་ཚེ་ལག་འཁྱེར་ཕྱིར་བསྡུ་ཙམ་དུ་མ་ཟད། བླ་སྤྲུལ་གྱི་མིང་ཐོབ་ཀྱང་མེད་པ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་ཞིག་བཟོས་ཏེ། བོད་ཁུལ་གྱི་བླ་སྤྲུལ་ཁྱོན་ ༡༣༠༧ གྱི་མཚན་གཞུང་ལོ་རྒྱུས་བཅས་བཀོད་ཡོད་པ་དང་། མ་ལག་དེའི་ནང་དུ་མེད་པའི་བོད་ཀྱི་བླ་སྤྲུལ་རྣམས་སྲིད་གཞུང་ནས་ངོས་ལེན་མེད་པས་ཚུལ་མིན་སྤྲུལ་རྫུན་ཆགས་ཀྱི་ཡོད་སྐོར་ཡོངས་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༩

Leave a Reply

One thought on “སྲིད་བྱུས་བཟང་བོའི་དགོངས་དོན་ཤེས་རྟོགས་ཡོང་བ་བྱོས།