མཚོ་རླུང་དྲག་པོས་ཨ་རིར་གནོད་སྐྱོན་ཐེབས།

ཨ་རིའི་ནང་དྲག་ཆར་མཚོ་རླུང་བྱུང་སྟེ་མི་གྲངས་ ༢༦ ལྷག་རྐྱེན་འདས་དང་ཡུལ་མི་འབུམ་ ༥ ཙམ་ལ་གློག་ཆད་ནས་མྱུར་སྐྱོབ་རོགས་རམ་བྱེད་བཞིན་པའི་སྒང་ཡིན་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉིན་རྒྱབ་ཨ་རིའི་ཧྥོ་ལོ་རི་ཌའི་པཎ་ཧན་ཌལ་(Panhandle)ས་གནས་ནང་སྤྱི་ལེ་ ༢༠༠ (200km/h)མྱུར་ཚད་ཅན་གྱི་རིམ་པ་བཞི་པའི་མེ་ཁེལ་དྲག་ཆར་མཚོ་རླུང་གི་གནོད་སྐྱོན་བྱུང་སྟེ། ཧྥོ་ལོ་རི་ཌ་དང་ཨ་ལ་བྷ་མ། ཇོར་ཇི་ཡ་ས་གནས་བཅས་སུ་མི་འབུམ་ ༥ ཙམ་ལ་གློག་ཆད་ཡོད་པ་མ་ཟད། ད་ལྟའི་ཆར་ཨ་རིའི་དབུས་ས་ཁུལ་དུ་མི་ ༡༣ དང་། ཧོན་ཌུ་ར་སི་ནང་མི ༦། ཎི་ཁ་ར་གུ་ཝ་ནང་མི་ ༤།  ཨེལ་སལ་ཝེ་ཌོར་དུ་མི་ ༣ བཅས་ཁྱོན་མི་གྲངས་ ༢༦ ལྷག་རྐྱེན་ལམ་དུ་ཤོར་ཡོད་སྟབས། རྒྱལ་སྲུང་དམག་མི་ ༣༥༠༠ ལྷག་མྱུར་སྐྱོབ་ཆེད་བཏང་ཡོད་པ་དང་། ཧྥོ་ལོ་རི་ཌ་ཁུལ་གྱི་སློབ་གྲྭ་དང་མངའ་སྡེའི་ལས་ཁུངས་རྣམས་མདུན་ཕྲག་འདིའི་རིང་ལས་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

དྲག་ཆར་མཚོ་རླུང་གི་གོད་ཆག་མ་བྱུང་སྔོན་དུ་ཨ་རིའི་གཞུང་ནས་ཧྥོ་ལོ་རི་ཌའི་ནང་གནས་སྡོད་བྱེད་བཞིན་པའི་མི་ ༣༧༠,༠༠༠ ཙམ་ལ་ས་གནས་གཞན་དུ་སྤོར་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། འབྲེལ་ཡོད་ལས་བྱེད་ཅིག་གིས་མི་མང་པོས་ཉེན་བརྡ་དེར་ཉན་འཇོག་མ་བྱས་པར་རང་སོར་བསྡད་ཡོད་སྐོར་བརྗོད་པ་དང་། ཧྥོ་ལོ་རི་ཌའི་མངའ་སྡེ་གཞུང་འཛིན་པ་རིག་སོ་ཀོཌ་(Rick Scott)ལགས་ཀྱིས། འདི་ནི་ལོ་བརྒྱའི་ནང་གི་མཚོ་རླུང་དྲག་ཤོས་དེ་ཡིན་པ་དང་། བསམ་ཡུལ་ལས་འདས་པའི་གཏོར་བརླག་ཚབས་ཆེན་ཞིག་ཡོང་ངེས་པའི་ཉེན་བརྡ་བཏང་ཡོད་ལུགས་བརྗོད་འདུག

ཨ་རིའི་དྲག་ཆར་ལྟ་ཞིབ་ལྟེ་གནས་ཁང་(National Hurricane Center)གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༨།༣༠ ཐོག་མཚོ་རླུང་མེ་ཁེལ་གྱི་མྱུར་ཚད་སྤྱི་ལེ་ ༧༥ (75km/h)ནང་མར་ལྷུང་ཡོད་པ་དང་། དེ་རིང་དགོང་མོར་ཨ་རིའི་ཤར་ལྷོའི་མཚམས་སུ་སླེབས་དུས་རིམ་པས་མར་ཆག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཕྱི་ལོ ༡༨༥༡ ལོར་ཧྥོ་ལོ་རི་ཌའི་པཎ་ཧན་ཌལ་ས་ཁུལ་དུ་རིམ་པ་བཞི་པའི་མཚོ་རླུང་གནོད་ཚབས་ཆེན་པོ་བྱུང་སྟེ། མི་གྲངས་ ༢༣ རྐྱེན་འདས་ཕྱིན་པ་སོགས་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག མཚོ་རླུང་མེ་ཁེལ་ནི་ཨ་རིའི་སྐམ་ས་ཆེན་མོར་རྒྱུགས་པའི་དྲག་ཆར་ཆེ་ཤོས་གསུམ་པ་དེ་ཡིན་པ་དང་། ཕྱི་ལོ ༡༩༦༩ ལོའི་མི་སི་སི་པའི་མཚོ་རླུང་ཁེ་མི་ལི་དང་། ཕྱི་ལོ ༡༩༣༥ ལོའི་ཧྥོ་ལོ་རི་ཌའི་མཚོ་རླུང་ལེ་བྷོར་ཌེ་གཉིས་ནི་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་དྲག་ཆར་ཤུགས་ཆེ་ཤོས་དེ་ཡིན་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༡༡

Leave a Reply

One thought on “མཚོ་རླུང་དྲག་པོས་ཨ་རིར་གནོད་སྐྱོན་ཐེབས།

  1. འཁོར་ཡུག་དེ་ དྲང་བདེན་རེད་མིན་འདུག མི་མང་ཉམ་ཆུང་ལ་ཐུབ་ཚོད་བཏང་མཁན་ཞིག་རེད་འདུག འཁོར་ཡུག་ཁོ་རང་འཇོན་ཐང་ཡོད་ན་་་ འཁོར་ཡུག་ལ་རྡོག་རོལ་དང་རྩིས་མེད་བཏང་མཁན་ཚོ་ལ་ བརྡ་ལན་ཞིག་སྤྲོད་ཐུབ་ན་ཡག་པོ་འདུག