རྒྱ་ནག་གིས་དགོས་མེད་རྩོད་རྙོག་མ་སློང་རོགས།

རྒྱ་ནག་གཞུང་ནས་འཇིགས་སྐུལ་དང་ཕྱི་འབྲེལ་ཐེ་བྱུས་བྱེད་ཀྱི་ཡོད་པ་དེས་ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བར་གནོད་པ་སྐྱེལ་གྱི་ཡོད་སྐོར་གསུངས་འདུགཁ་སང་ཐའེ་ཝན་གྱི་རྒྱལ་སྟོན་ཐེངས་ ༡༠༧ པ་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་སྟེང་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ (Tsai Ing-wen) ལགས་ཀྱིས་ཐའེ་ཝན་དང་རྒྱ་ནག་བར་གྱི་དཀའ་རྙོག་རྣོ་ངར་ཅན་ཏུ་འགྱུར་བཞིན་ཡོད་པའི་སྐབས་འདིར། རྒྱ་ནག་གིས་རྒྱལ་སྤྱིའི་གནས་བབ་ལ་འགན་འཁུར་ཏེ་དགོས་མེད་ཀྱི་རྩོད་རྙོག་མི་སློང་རྒྱུ་དང་། རྒྱལ་སྤྱིའི་དཀའ་རྙོག་གི་འབྱུང་ཁུངས་ཤིག་ཏུ་མི་འགྱུར་བའི་རེ་སྐུལ་གནང་འདུག

མཛད་སྒོའི་གཏམ་བཤད་སྐབས་སྲིད་འཛིན་ལགས་ཀྱིས། ཐའེ་ཝན་གཞུང་གིས་རྒྱལ་ཁབ་གྱི་མངའ་དབང་སྲུང་སྐྱོབ་ཆེད་ལོ་རེར་སྔོན་རྩིས་སྤར་ཏེ་མཁའ་གྲུ་དང་མཚོ་གྲུ་སྦྱོང་བརྡར་གྱིས་དམག་མིའི་ནུས་ཤུགས་དང་རང་སྐྱ་འཕེལ་བ་བཟོ་བཞིན་པ་དང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པར་ནམ་ཡང་མགོ་སྒུར་རྒྱུ་མིན་ལ། རྒྱ་གཞུང་ནས་འཇིགས་སྐུལ་དང་ཕྱི་འབྲེལ་ཐེ་བྱུས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་ཀྱི་ཡོད་པ་མ་ཟད། ཐའེ་ཝན་དང་རྒྱ་ནག་སྐམ་སའི་རྒྱ་མཚོའི་ཞི་བདེ་དང་བརྟན་བརླིང་ལ་ཡང་དོ་ཕོག་འགྲོ་བཞིན་ཡོད་པ་དང་། ཨ་རི་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་དང་རོགས་རམ་ལ་ཐུགས་རྗེ་ལེགས་གསོལ་དང་མུ་མཐུད་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག

ཡང་སྲིད་འཛིན་མཆོག་གིས་དམངས་གཙོ་ནི་ཐའེ་ཝན་གྱི་རིན་ཐང་གི་སྲུང་བྱ་གཙོ་བོ་དེ་ཡིན་པ་དང་། རྒྱལ་ཁབ་གང་རུང་གིས་ཐའེ་ཝན་གྱི་རང་དབང་གི་སྤྱི་ཚོགས་ནང་སིམ་འཛུལ་གྱིས་སྤྱི་ཚོགས་དྲ་རྒྱ་ནང་གསར་འགྱུར་རྫུན་མ་སྤེལ་བ་དང་། འཕྲུལ་རིག་གི་ལག་ཤེས་བརྐུ་བ། གསང་བའི་བདེ་སྲུང་མ་ལག་གཏོར་བཅོམ་གཏོང་བ་དང་འོས་བསྡུའི་ནང་ཐེ་གཏོགས་བྱེད་པ། ཆབ་སྲིད་ལ་ཐེ་གཏོགས་ཀྱིས་སྤྱི་ཚོགས་ལ་ཟིང་འཁྲུག་བསླངས་བ་སོགས་ལ་ཐའེ་ཝན་སྲིད་གཞུང་གིས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གནད་དོན་སྔོན་འགོག་དང་རང་དགར་རྩ་བ་ནས་མི་འདུག ཅེས་གསུངས་འདུག

དེའི་ཐད་པེ་ཅིན་ན་ཡོད་པའི་རྒྱ་ནག་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་མཱ་ཤའོ་གཱང་ (Ma Xiaoguang) གིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཕྱིའི་རྒྱལ་ཁབ་ལ་ལག་འབྲེལ་གྱིས་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་འབྲེལ་བ་གཏོར་བརླག་དང་། འགལ་ཟླ་ཆེ་རུ་གཏོང་བ། དེ་བཞིན་ཐའེ་ཝན་གྱི་གནས་བབ་བརྗེས་སྟེ་རྒྱ་ནག་དང་ཁ་བྲལ་གྱི་བྱ་སྤྱོད་ག་རེ་སྤེལ་ཡང་ཕན་ཉེས་འབྱུང་གི་རེད། རྩུབ་སྤྱོད་དང་འཁྲུག་རྐྱེན་སློང་བའི་ཚའེ་ཡེན་ཝིན་གྱི་གཏམ་བཤད་དེས་ད་ལྟ་དམངས་གཙོ་ཚོགས་པའི་གཞུང་ནི་ཕན་ཚུན་བར་རྩོད་རྙོག་གསར་བཟོ་བྱེད་མཁན་ཞིག་དང་། ཞི་བདེ་དང་བརྟན་བརླིང་གཏོར་བརླག་གཏོང་མཁན་ཞིག་ཡིན་པ་ཐག་གིས་ཆོད་པ་ཞིག་རེད། རྒྱ་ནག་སྐམ་ས་དང་ཐའེ་ཝན་གཉིས་ནི་རྒྱ་ནག་གཅིག་ལ་དབང་བ་དང་། ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁྲིམས་དོན་ཐད་ནས་སུས་ཀྱང་བཙན་དབང་གིས་བསྒྱུར་ཐབས་མེད་པ་ཞིག་རེད། ཅེས་བརྗོད་འདུག

འདས་པའི་ལོ་གཉིས་ནང་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) དང་པ་ན་མ་ (Panama)། ཨེལ་སལ་ཝ་ཊོར་ (El Salvador) བཅས་ཀྱིས་ཐའེ་ཝན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། རྒྱ་གཞུང་དང་འབྲེལ་བ་དམ་ཟབ་འཛིན་པའི་མགོ་བརྩམས་ཡོད་པ་རེད། ཐའེ་ཝན་གཞུང་ནས་རྒྱ་ནག་གིས་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་ ༣༡ གི་མ་འཛུགས་དངུལ་བུན་གྱིས་ཐའེ་ཝན་དང་རྒྱལ་ཁབ་དེ་གཉིས་བར་གྱི་ཕྱི་འབྲེལ་སྲིད་བྱུས་ཛ་དྲག་ཅན་ཏུ་བསྒྱུར་ཡོད་སྐོར་བརྗོད་ཡོད་ལ། ད་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁུངས་གཏོགས་རྒྱལ་ཁབ་ ༡༩༣ ཡོད་པ་ལས་ ༡༦ གིས་ཐའེ་ཝན་ནི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གྱིས་ཕྱི་འབྲེལ་སྲིད་བྱུས་འཛིན་གྱི་ཡོད་པ་རེད།

ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་མ་ཐག་ཐའེ་ཝན་གཞུང་ལ་འབྲེལ་བ་ཤུགས་ཆེ་རུ་བཏང་སྟེ་ཁ་པར་བརྒྱུད་ཐད་ཀར་སྲིད་འཛིན་གཉིས་བར་བཀའ་མོལ་བྱུང་བ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་བར་འགྲོ་འོང་ཆོག་པའི་ཁྲིམས་གཞི་གཏན་འབེབ་གནང་བ། འདི་ལོའི་ཕྱི་ཟླ་ ༩ ནང་ཨ་རིས་ཨ་སྒོར་ས་ཡ་ ༣༣༠ ཡི་གོ་མཚོན་ཐའེ་ཝན་ལ་འཚོང་རྒྱུའི་ཁས་ལེན་གནང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ནང་སྲིད་ལ་ཐེ་གཏོགས་དང་ཆེད་དུ་རྙོག་དྲ་སློང་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༡༡

Leave a Reply